6501

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོད་རྟེན་བརྒྱད
Tibetan Definition 1 སངས་རྒྱས་ཀྱིས་མཛད་པ་ཁྱད་པར་ཅན་རེ་མཛད་པའི་ཚེ་མཆོད་རྟེན་རེ་བཞེངས་པའི་མཆོད་རྟེན་བརྒྱད་ཅེས་ཡོངས་སུ་གྲགས་པ་ནི། ༡ པདྨ་སྤུངས་པའི་མཆོད་རྟེན། (ལུམྦིའི་ཚལ་དུ་སྟོན་པ་སྐུ་བལྟམས་མ་ཐག་ཕྱོགས་སོ་སོར་གོམ་པ་བདུན་བདུན་པོར་བ་ལས་པདྨ་སྐྱེས་པ་དང་། པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པས་འཁོར་བར་སྐྱེས་ཀྱང་སྐྱོན་གྱིས་མ་གོས་པའི་མཚོན་བྱེད་པདྨ་སྤུངས་པའི་མཆོད་རྟེན) ༢ བྱང་ཆུབ་མཆོད་རྟེན། (རྡོ་རྗེ་གདན་དུ་སྐུ་བཞི་མངོན་པར་བྱང་ཆུབ་པའི་མཆོད་རྟེན) ༣ བཀྲ་ཤིས་སྒོ་མང་། (ཝཱ་རཱ་ཎ་སཱིར་ཆོས་འཁོར་བསྐོར་བའི་ཚེ་བདེན་བཞི་རྣམ་ཐར་བརྒྱད་སོགས་མཚོན་བྱེད་སྒོ་བཅུ་དྲུག་ནས་བརྒྱ་རྩ་བརྒྱད་སོགས་ཡོད་པ་བཀྲ་ཤིས་སྒོ་མང) ༤ ཆོ་འཕྲུལ་མཆོད་རྟེན། (མཉན་ཡོད་དུ་མུ་སྟེགས་སྟོན་པ་དྲུག་སོགས་བཏུལ་ཏེ་གཞན་ལས་ཁྱད་པར་འཕགས་པས་གློ་འབུར་ཅན་གྱི་ཆོ་འཕྲུལ་མཆོད་རྟེན) ༥ ལྷ་བབས་མཆོད་རྟེན། (ཀ་ཤིའི་གྲོང་དུ་གཞན་དོན་དུ་འབྱོན་པ་མཚོན་བྱེད་ཐེམ་སྐས་ཅན་གྱི་ལྷ་བབས་མཆོད་རྟེན། འགའ་ཞིག་གིས་འདི་མཉན་ཡོད་དུ་ཡིན་པར་བཤད) ༦ དབྱེན་བཟླུམས་མཆོད་རྟེན། (རྒྱལ་པོའི་ཁབ་ཏུ་དགེ་འདུན་གྱི་དབྱེན་བཟླུམས་པའི་ཚེ་དེའི་རྒྱུ་དུག་གསུམ་ལྟ་བ་དང་བཞི་བཅད་དེ་རྣམ་ཐར་བརྒྱད་ལ་གནས་པ་མཚོན་བྱེད་བང་རིམ་གྱི་གྲུ་བཞི་བཅད་དེ་ཟུར་བརྒྱད་དུ་ཡོད་པར་དབྱེན་བཟླུམས་མཆོད་རྟེན) ༧ རྣམ་རྒྱལ་མཆོད་རྟེན། (ཡངས་པ་ཅན་དུ་སྐུ་ཚེ་ཟླ་བ་གསུམ་དུ་བྱིན་གྱིས་བརླབས་པའི་ཚེ་བང་རིམ་ཟླུམ་པོ་གསུམ་པ་འཆི་བདག་ལས་རྣམ་པར་རྒྱལ་བའི་མཆོད་རྟེན) ༨ མྱང་འདས་མཆོད་རྟེན། (རྩྭ་མཆོག་གྲོང་དུ་འཁོར་བའི་སྤྲོས་པ་དང་བྲལ་བ་མཚོན་བྱེད་བང་རིམ་མེད་པའི་མྱང་འདས་མཆོད་རྟེན་རྣམས་སོ) དབྱེ་བ་འདི་རྣམས་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་འོག་ཏུ་འབྱུང་བ་དང་། ལི་ཡུལ་ལུང་བསྟན་པ། ཀླུ་སྒྲུབ་ཀྱིས་མཆོད་རྟེན་བརྒྱད་ལ་བསྟོད་པ། དྲི་མེད་འགྲེལ་པ་རྣམས་སུ་འབྱུང་ཞིང་། སྐུ་གདུང་ཆ་བརྒྱད་དུ་བགོས་པའི་མཆོད་རྟེན་བརྒྱད་དང་འདི་གཉིས་མི་འདྲ་བར་གུང་ཐང་རིན་པོ་ཆེའི་«བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་ཕྱག་མཆོད་སྐོར་བའི་ཕན་ཡོན་བསྟན་པ»ལས་གསུངས་སོ། །ཀློང་རྡོལ་བླ་མ་དང་། དཔའ་བོ་གཙུག་ལག་ཕྲེང་བ། དངུལ་ཆུ་དྷརྨ་སོགས་ཀྱིས་ཀྱང་ཚིག་རིས་ཙམ་ལས་དོན་ལ་གོང་དང་འདྲ་བར་གསུངས་སོ། །