From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཉན་ཡོད
|
Tibetan Definition
|
<ཤྲབསྟི> (འདུལ་བ) སྔར་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་དྲུག་ཅེས་གྲགས་པའི་ཡ་གྱལ་ཞིག Balrampur བལ་རམ་པཱུར་ནས་མེ་ལི་བཅུ་ཙམ་སོང་ན་མཉན་ཡོད་དུ་སླེབས། འདི་རྒྱ་གར་གྱི་ Uttar Pradesh ཨུཏྟ་ར་པྲ་དེཤའམ་བྱང་ཕྱོགས་མངའ་སྡེ་ཞེས་པའི་མངའ་སྡེ་དེའི་ནང་ཡོད། ཝཱ་རཱ་ཎ་སཱི་ཡང་མངའ་སྡེ་དེ་ཀའི་ནང་ཡོད། འདི་ཝཱ་རཱ་ཎ་སཱི་ནས་བྱང་ཕྱོགས་སུ་བལ་ཡུལ་དང་ཡང་ཧ་ཅང་ཉེ་བའི་སར་ཡོད། མཉན་ཡོད་དུ་སྟོན་པ་ལོ་ཉི་ཤུ་རྩ་ལྔ་བཞུགས་ (དགེ་འདུན་ཆོས་འཕེལ་གྱིས། མཉན་ཡོད་དུ་སྟོན་པ་ལོ་ཉེར་ལྔ་བཞུགས་པར་བཤད་པ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་ལོ་ཉི་ཤུ་བཞུགས་པར་བཤད་ནའང་། བྱེ་བྲག་བཤད་མཛོད་ཆེན་མོའི་དུམ་བུ་བོད་དུ་འགྱུར་བ་ལས། ཉི་ཤུ་རྩ་གསུམ་མཉམ་ཡོད་དུ། །ཞེས་མཉན་ཡོད་དུ་ལོ་ཉེར་གསུམ་བཞུགས་པར་གསུངས་པ་ཉིད་ཁུངས་བཙན་པར་མཐོང་ངོ་། །ལུང་འདི་ཀློང་རྡོལ་བླ་མ་འདུལ་བ་མིང་གི་རྣམ་གྲངས་༤༧༠ན་གསལ་ལོ) པས། སྟོན་པས་བཞུགས་གནས་ཀུན་གྱི་ནང་ནས་གཙོ་བོ་ཡིན། སྟོན་པའི་མཆོག་ཟུང་དང་། འོད་སྲུང་ཆེན་པོ། འཆར་ཀ། རྟ་ཐུལ་སོགས་སྟོན་པའི་འཁོར་གྱི་གཙོ་བོ་ཉན་ཐོས་ཆེན་པོ་བརྒྱད་ཅུ་ཞེས་གྲགས་པ་དེ་ཀུན་ཀྱང་གནས་འདིར་ཡུན་རིང་བཞུགས་པ་ཤ་སྟག་ཡིན། རྒྱལ་བྱེད་ཚལ་ནས་བྱང་དུ་བལྟས་ན་སོ་ཕག་གི་ལྕགས་རི་ཞིག་པོ་སྒང་བརྒྱུད་ལྟ་བུ་མཐོང་བ་དེ་མཉན་ཡོད་དུ་ཡོད་པའི་གྲོང་ཁྱེར་གྱི་ཤུལ་ཡིན་ཞིང་། དེའི་ཤར་ངོས་ན་གྲོང་ཁྱེར་ཐོར་རེ་བ་བ་ཞིག་མཐོང་བ་དེ་ཤར་གྱི་ཀུན་དགའ་ར་བའི་ཤུལ་ཡིན་ནམ་ཟེར། དེས་ན་མཉན་ཡོད་འདི་ནི་རང་རེ་སངས་རྒྱས་པ་ཀུན་གྱིས་མཐོང་ན་སྟོན་པའི་མཛད་སྤྱོད་ཀུན་ལ་དྲན་གསོས་ཐེབ་པའི་གནས་ཡིན་པས་ཅིས་ཀྱང་མཇལ་བའི་ཐབས་ལ་བརྩོན་པར་རིགས་སོ། །མཉན་ཡོད་དུ་ཡོད་པའི་བྷར་མའི་དྷརྨ་སཱ་ལ་དང་ཉེ་བ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བའི་ཤུལ་ཡོད་པར་བཤད། སྒྲ་བཤད་ནི། དྲང་སྲོང་མཉན་པ་དང་། ཡོད་པ་གཉིས་ཀྱིས་བརྩིགས་པའི་གྲོང་ཁྱེར་ཡིན་པས་མཉན་ཡོད་ཅེས་བཏགས་པར། འདུལ་བ་གཞིི་རྒྱ་ཆེར་འགྲེལ་པ་ལས་གསུངས་སོ། །མཁས་དབང་དགེ་འདུན་ཆོས་འཕེལ་གསུང་ལ་སྣོན་པ་ཅུང་ཟད་དང་བཅས་ཏེ་བཀོད།
|