6533

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཉམ་མེད་དྭགས་པོ་ལྷ་རྗེ
Tibetan Definition རྗེ་བཙུན་མི་ལའི་སློབ་མ་མཉམ་མེད་དྭགས་པོ་ལྷ་རྗེ་ནི། སྔོན་བཅོམ་ལྡན་འདས་ཐུབ་པའི་དབང་པོ་ཞལ་བཞུགས་པའི་ཚེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་ཁྱིམ་བདག་ཆེན་པོ་ཕྱུག་ཅིང་རིགས་མཐོ་བའི་སྲས་སུ་གྱུར་པའི་ཚེ། བྱ་རྒོད་ཕུང་པོའི་རི་ལ་མདོ་ཏིང་ངེ་འཛིན་རྒྱལ་པོ་ཞུ་མཁན་གྱི་ཟླ་འོད་གཞོན་ནུ་དེ་ཡིན་པར་གསུངས་ཤིང༌། གཞོན་ནུའི་དུས་སྨན་པ་བསླབས་ནས་མཁས་པར་གྱུར་པས་ན་ལྷ་རྗེར་གྲགས། ཇོ་མོ་ཞིག་ཀྱང་ཁབ་ཏུ་བཞེས་པ་ལ་དགུང་ལོ་ཉི་ཤུ་རྩ་འགའ་བཞེས་དུས་ཇོ་མོ་དེ་འདས་པས་ཐུགས་སྐྱོ་སྟེ་དགུང་ལོ་ཉེར་དྲུག་ལ་ཆོས་སྒོར་ཞུགས་ཏེ། དཀའ་གདམས་པའི་དགེ་བཤེས་ཤ་བ་གླིང་པ་ལས་བསྙེན་པར་རྫོགས། བྱ་ཡུལ་བ། སྙུག་རུམ་པ། ལྕགས་རི་གོང་ཁ་བ་རྣམས་ལ་བཀའ་གདམས་ཀྱི་ཆོས་མང་དུ་གསན། དགུང་ལོ་སོ་གཉིས་པར་མི་ལའི་སྙན་པས་ཐུགས་ཕྲོགས་ཏེ་མཇལ་དུ་བྱོན་པས་དགྱེས་བཞིན་དུ་རྗེས་སུ་བཟུང་སྟེ་གདམས་ངག་ཐམས་ཅད་རྫོགས་པར་གནང་ཞིང་བསྒོམས་པས་རྟོགས་པ་ཁྱད་པར་ཅན་ཐུགས་ལ་འཁྲུངས། བཀའ་གདམས་ཀྱི་ལམ་རིམ་དང༌། མི་ལའི་ཕྱག་ཆེན་གྱི་གདམས་པ་གཅིག་ཏུ་དྲིལ་ནས་ལམ་རིམ་ཐར་རྒྱན་མཛད། འདི་ནས་བཟུང་བཀའ་ཕྱག་ཆུ་བོ་གཅིག་འདྲེས་སུ་གྱུར། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་བྱ་བའི་ཁྲིད་རིམ་གྱིས་སློབ་མ་བཀྲི་བར་མཛད། མཉམ་མེད་དྭགས་པོ་ལྷ་རྗེའི་རྗེས་འབྲང་རྣམས་ལ་དྭགས་པོ་བཀའ་བརྒྱུད་པ་ཞེས་ཟེར་ཞིང༌། དེ་ལ་ཡང་ནང་གསེས་ཀྱིས་ཕྱེ་ན། ཀརྨ་བཀའ་བརྒྱུད། ཕག་གྲུ། ཚལ་པ། འབྲི་གུང༌། འབྲུག་པ། སྟག་ལུང༌། འབའ་རོམ། གཡའ་བཟང༌། ཁྲོ་ཕུའི་བཀའ་བརྒྱུད་རྣམས་སོ་སོར་བྱུང་ངོ༌། །མཚན་གྱི་རྣམ་གྲངས་ནི། དྭགས་པོ་ལྷ་རྗེ། མཉམ་མེད་དྭགས་པོ་ལྷ་རྗེ། སྒམ་པོ་བ། རྗེ་སྒམ་པོ་བ། དྭགས་པོ་རིན་པོ་ཆེ། དྭགས་པོ་ཟླ་འོད་གཞོན་ནུ། ཟླ་འོད་གཞོན་ནུ་ཞེས་པའི་མཚན་འདི། གོང་དུ་བཤད་པ་ལྟར་སྔོན་བྱ་རྒོད་ཕུང་པོའི་རི་ལ་མདོ་ཏིང་ངེ་འཛིན་རྒྱལ་པོ་ཞུ་མཁན་གྱི་རྒྱལ་སྲས་ཟླ་འོད་གཞོན་ནུ་ཞུ་བ་དེའི་སྐུ་སྐྱེས་ཡིན་པས་ཆ་ནས་བཏགས དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན། བསོད་ནམས་རིན་ཆེན་བཅས་སོ། །དགུང་ལོ་དོན་ལྔ་པ་ཆུ་བྱ་ལོར་འདས། 1079-1153