6540

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཎྜལ
Tibetan Definition (ལེགས་སྦྱར) 1 དཀྱིལ་འཁོར། ངེས་ཚིག་ནི། དེ་ལ་མའི་སྒྲ་ལས་དྲངས་ནས་མ་ནུ་ས་ར་ཞེས་པ་སྙིང་པོ་དང་། ལའི་སྒྲ་ལས་དྲངས་ཏེ་ལཱ་ལི་ཏ་བྱས་ན་འཛིན་པ་རོལ་པ་སོགས་ལ་འཇུག ལ་ཏིན་བྱས་ན་ལེན་པ་དང་འདུས་པ་སོགས་ལ་འཇུག་པས་བསྡོམས་ན་སྙིང་པོ་ལེན་ཅིང་འཛིན་པ་ཞེས་པ་ཡིན། ཞེས་གུང་ཐང་བསྟན་པའི་སྒྲོན་མེའི་མཎྜལ་གྱི་འཁྲིད་ཡིག་ཏུ་གསུངས་སོ། །ཡང་ན། མཎྜ་ནི་སྙིང་པོ་སྟེ། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སོ། །ལཱ་ཏ་ལེན་པ་ཡིན་པས་དཀྱིལ་འཁོར་ཏེ། སྙིང་པོའི་ཡེ་ཤེས་ཡིན་པའམ། དེ་དང་དེའི་རྣམ་པ་མཚོན་པའི་ཕྱིའི་དཀྱིལ་འཁོར་རོ། །ཞེས་རྗེའི་འགྲེལ་པ་བཞི་སྦྲགས་ལ་གཞི་བྱས་ཏེ་བཀོད། ཡང་མཁས་པ་གཞན་དག་གིས། མཎྜ་སཱ་ར་སྙིང་པོ་དང་། ལ་ཏི་ལེན་པའོ། །སྙིང་པོ་ལེན་པ་སྟེ་དཀྱིལ་འཁོར་རོ། །ཞེས་གསུངས། ཡང་ན། སྣོད་བཅུད་ཀྱི་འཇིག་རྟེན་བློས་བླངས་ནས་ཕུལ་ཏེ་བསོད་ནམས་རླབས་པོ་ཆེའི་སྙིང་པོ་ལེན་པ་ལ་སྦྱར་ཀྱང་རུང་། (མཎྜལ་གྱི་དབྱེ་བ་ལ) ཕྱིའི་མཎྜལ། ནང་གི་མཎྜལ། གསང་བའི་མཎྜལ། དེ་ཁོ་ན་ཉིད་ཀྱི་མཎྜལ་དང་བཞིའོ། ། (དང་པོ་ཕྱིའི་མཎྜལ་ནི) ཕྱིའི་སྣོད་བཅུད་ཀྱི་འཇིག་རྟེན་སོགས་བློས་བླངས་ཏེ་འབུལ་བ་ལ་ཟེར། (གཉིས་པ་ནང་གི་མཎྜལ་ནི) རང་གི་ལུས་ཀྱི་ཆ་ཤས་ཕུང་ཁམས་ཕྲ་རགས་བསྒྲུབ་གཞིར་བྱས་ཏེ། དེ་ཡོངས་སུ་གྱུར་པ་ལས་རི་རབ་གླིང་བཞི་སོགས་ཀྱི་རྣམ་པར་སྤྲུལ་ནས་འབུལ་བ་ལ་ཟེར། རྒྱལ་མཆོག་བདུན་པའི་འཇིགས་བྱེད་བླ་མའི་རྣལ་འབྱོར་ལས། བདག་ལུས་ངག་ཡིད་ཕུང་ཁམས་བསྐྱེད་མཆེད་རྣམས། །ཡོངས་སུ་གྱུར་ལས་གྲངས་མེད་འཇིག་རྟེན་སྣོད། །འདོད་དགུའི་ཕུན་ཚོགས་གཏེར་གྱིས་གང་བ་འདི། །བླ་མ་ལྷ་ཡི་ཚོགས་ལ་གུས་པས་འབུལ། །ཞེས་གསུངས་པ་ལྟར་རོ། ། (གསུམ་པ་གསང་བའི་མཎྜལ་ནི) དབང་གསུམ་པའི་རྟོགས་པ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཧཱུྃ་ཡིག་གི་རྣམ་པར་སྤྲོས་པ་ཡོངས་སུ་གྱུར་པ་ལས་རི་རབ་གླིང་བཞི་མཁོ་དགུའི་དཔལ་འབྱོར་སོགས་ཀྱི་རྣམ་པར་བསྒྱུར་ནས་འབུལ་བ་ལ་ཟེར། རྒྱལ་མཆོག་བདུན་པས། ཐབས་མཆོག་བདེ་ཆེན་རྡོ་རྗེའི་རོལ་རྩེད་ཀྱིས། །སྟོང་ཕྱོགས་ཤེས་རབ་པདྨར་རོལ་པ་ལས། །ཟག་མེད་ལྷན་སྐྱེས་དགའ་བའི་རང་བཞིན་གྱི། །སྣོད་བཅུད་དཀྱིལ་འཁོར་བཀོད་པས་མཉེས་གྱུར་ཅིག །ཅེས་གསུངས་པ་ལྟར་རོ། །གཞན་ཡང་། ཀུན་གཟིགས་ལྔ་པ་ཆེན་པོས། རྡོ་རྗེས་ལུས་ཀྱི་གསེར་ལྡན་ལྟོ་བ་ན། །མཉམ་སྦྱོར་རྡོ་རྗེ་པདྨའི་ལྷུན་པོ་མཆོག །བཅུ་དྲུག་དགའ་བའི་རི་མཚོ་གླིང་བཞིས་བསྐོར། །དབུ་མ་བཅུ་གཉིས་ཁྱིམ་གྱི་རྒྱུ་ལམ་དུ། །རོ་རྐྱང་རླུང་གི་ཉི་ཟླའི་དཀྱིལ་འཁོར་འཆར། །སྒྱུ་མའི་ལུས་སུ་ལྡང་བའི་རིན་ཆེན་བདུན། །ཟུང་འཇུག་བུམ་བཟང་ཡོངས་འདུ་ས་རྟོལ་སོགས། །དཀྱིལ་འཁོར་མགོན་པོ་དཔལ་ལྡན་བླ་མར་འབུལ། །ཞེས་གསུངས་པ་ལྟར་རོ། ། (བཞི་པ་དེ་ཁོ་ན་ཉིད་ཀྱི་མཎྜལ་ནི) དབང་བཞི་པའི་རྟོགས་པ་བདེན་གཉིས་དབྱེར་མེད་ཟུང་འཇུག་གི་རྟོགས་པ་ཧཱུྃ་ཡིག་རྣམ་པར་སྤྲོས་པ་ཡོངས་སུ་གྱུར་པ་ལས་རི་རབ་གླིང་བཞི་མཁོ་དགུའི་དཔལ་འབྱོར་སོགས་ཀྱི་རྣམ་པར་བསྒྱུར་ནས་འབུལ་བ་ལ་ཟེར། རྒྱལ་མཆོག་བདུན་པས། བདེན་ཆེན་ཀུན་ཏུ་བཟང་པོའི་རྣམ་རོལ་གྱི། །མཆོད་སྤྲིན་ཅིར་ཡང་སྣང་བའི་སྒྱུ་མ་རྣམས། །གདོད་ནས་རང་བཞིན་སྟོན་པར་ངེས་རྙེད་པའི། །ཟུང་འཇུག་བླ་མེད་མཆོད་པས་མཉེས་གྱུར་ཅིག །ཅེས་དང་། ཀུན་གཟིགས་ལྔ་པ་ཆེན་པོས། དྲི་བྲལ་རང་སེམས་དག་པའི་ས་གཞི་ལ། །རང་བཞིན་གདོད་ནས་སྟོང་པའི་ས་འཛིན་ཆེ། །མེད་ཀྱང་རྫུན་པར་སྣང་བའི་གླིང་བཞི་སོགས། །རྨི་ལམ་ཡུལ་གྱི་རོལ་པ་ཇི་བཞིན་དབུལ། །ཞེས་གསུངས་པ་ལྟར་རོ། །རྗེ་གུང་ཐང་པ་སོགས་ཀྱི་གསུང་ལ་གཞི་བྱས། མཎྜལ་འབུལ་བའི་ཚེ་ལྕགས་རི་གསུམ་མམ་བཞི་རུ་བྱེད་པའི་རྒྱུ་མཚན་ནི། མཛོད་ལུགས་ལྟར་ན་སྟོང་གསུམ་རེ་རེ་ལ་ལྕགས་རི་རེ་རེ་ཡོད་པའི་དབང་དུ་བྱས་ནས་ལྕགས་རི་གསུམ་དང་། ལྕགས་རི་བཞི་བྱེད་པ་ནི། ས་སྡེ་ནས་འོག་གཞི་རླུང་དཀྱིལ་ཆུ་དཀྱིལ་གསེར་དཀྱིལ་གསུམ་བརྩེགས་པའི་སྟེང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱའི་མཐའ་འཁོར་ཁོར་ཡུག་ཆེན་པོ་གཅིག་གིས་བསྐོར་བའི་དབུས་སུ་སྟོང་གསུམ་ཆགས་པར་འདོད་པའི་ལུགས་ལྟར་བྱས་ནས་ལྕགས་རི་བཞི་བྱས་པ་ཡིན། མདོར་ན་མཛོད་ལུགས་ཀྱི་སྟོང་གསུམ་གྱི་སྟེང་དུ་ས་སྡེ་ནས་བཤད་པའི་ལྕགས་རི་ཆེན་པོ་གཅིག་བསྣན་ཏེ་བཞི་རུ་མཛད་པ་ཡིན་པར་སེམས་སོ། །ཇོ་བོ་ཆེན་པོས་ཀྱང་ཕྱག་སེར་ཁ་ཤིག་ཤིག་ལ་སོང་གི་བར་མཎྜལ་དང་མཆོད་པ་འབུལ་བའི་ལོ་རྒྱུས་ཡོད་དེ། ཇོ་བོ་ཡབ་སྲས་ཀྱི་གསུང་སྒྲོས་༣༤ན༢ལས། ཟུང་འཇུག་ཏུ། ཇོ་བོ་ཕྱག་སེར་ཁ་ཤིག་ཤིག་པར་མཎྜལ་དང་མཆོད་པ་འབུལ་བ་ལ། ཨ་ཏི་ཤ་འོ་རྒྱལ་ངེད་ཀྱིས་བྱ་ཡི་ཞུས་པས། འོ་ན་ང་ལྟོ་ཟ་བ་འོ་རྒྱལ་བྱས་ནས་ཁྱོད་ཚོས་ཟའམ་གསུང་། ཞེས་གསུངས་པས་ཉམས་ལེན་འདི་ལ་མཐོང་ཆུང་མི་མཛད་པར་ཞུའོ། །2 རྒྱ་གར་ན་སའི་སྟེགས་བུ་གྲུ་བཞིའམ་ཟླུམ་པོ་སོགས་ལ་རྐྱང་ནུལ་དང་བ་བྱུང་བྱུགས་ནས་བྱི་དོར་བྱས་ཏེ་མཆོད་པའི་སྟེགས་བུར་བྱེད་པ་དེ་ལ་མཎྜལ་ཟེར། དེ་ལ་མེ་ཏོག་གཅལ་དུ་བཀྲམས། བ་བྱུང་གི་བྱུག་པ་བྱུགས་པས་བགེགས་ཞི་བ་དང་། བདུད་རྩི་ལྔ་འཐོར་བས་དངོས་གྲུབ་མྱུར་བའི་དགོས་པ་ཡོད་པར་བཤད་དོ། །