6563

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐའ་གཉིས་སྤོང་ཚུལ
Tibetan Definition (ཕར་ཕྱིན) རྟག་མཐའ་དང་ཆད་མཐའ་སྤོང་ཚུལ་ནི་གྲུབ་མཐའ་ཐམས་ཅད་ཡོད་པར་བཤད་དེ། ཕྱི་རོལ་རྒྱང་འཕེན་པས་ལྐོག་གྱུར་མི་འདོད་པས་རྟག་མཐའ་སྤོང༌། མངོན་གྱུར་འདོད་པས་ཆད་མཐའ་སྤོང༌། གྲངས་ཅན་པས་རྣམ་པ་གཞན་དུ་འགྱུར་བར་འདོད་པས་རྟག་མཐའ་སྤོང༌། རང་བཞིན་གཞན་དུ་མི་འགྱུར་བར་འདོད་པས་ཆད་མཐའ་སྤོང༌། བྱེ་བྲག་སྨྲ་བས་འདུས་བྱས་ཐམས་ཅད་མི་རྟག་པར་འདོད་པས་རྟག་མཐའ་སྤོང༌། འདས་མ་འོངས་རྫས་སུ་འདོད་པས་ཆད་མཐའ་སྤོང༌། མདོ་སྡེ་པས་འདུས་མ་བྱས་རྫས་སུ་མི་འདོད་པས་རྟག་མཐའ་སྤོང༌། གཟུགས་སོགས་བརྡ་འདོགས་པའི་གནས་དང་རྟོག་པའི་ཞེན་གཞི་ཡིན་པ་དེ་རང་གི་གནས་ཚོད་ཀྱི་དབང་གིས་གྲུབ་པར་འདོད་པས་ཆད་མཐའ་སྤོང་བར་འདོད། སེམས་ཙམ་པས་རྟོག་པའི་ཞེན་གཞི་དང་བརྡ་འདོགས་པའི་གནས་སུ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འདོད་པས་རྟག་མཐའ་སྤོང༌། གཞན་དབང་ཡོངས་གྲུབ་བདེན་གྲུབ་ཏུ་འདོད་པས་ཆད་མཐའ་སྤོང་བར་འདོད། དབུ་མ་རང་རྒྱུད་པས་ཆོས་ཐམས་ཅད་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མིན་པར་དོན་གྱི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པར་འདོད་པས་རྟག་མཐའ་སྤོང༌། རང་ངོས་གྲུབ་པར་འདོད་པས་ཆད་མཐའ་སྤོང་བར་འདོད། ཐལ་འགྱུར་བས་རང་ངོས་ནས་མ་གྲུབ་པས་རྟག་མཐའ་སྤོང༌། མིང་རྐྱང་བཏགས་ཡོད་ཙམ་དུ་ཡོད་པས་ཆད་མཐའ་སྤོང་བར་བཞེད་དོ། །གྲུབ་མཐའ་ཆེན་མོའི་མཆན་འགྲེལ་ལྟར་བཀོད།