6566

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐའ་དྲུག་ཚུལ་བཞི
Tibetan Definition (གསང་སྔགས) རྒྱུད་ཀྱི་སྟོན་པས་རྩ་རྒྱུད་འཆད་ཚུལ་ཞིག་སྟེ། སྐབས་འདིར་མཐའ་དྲུག་ཅེས་པའི་མཐའི་དོན་ནི། མཐའི་སྐད་དོད་ཀོ་ཊྀནི་རྩེ་མོ་དང་སྒོ་ལའང་འཇུག་པས་རྩ་རྒྱུད་བཤད་པའི་སྒོའམ་ཐབས་དྲུག་ཅེས་པའི་དོན་ཡིན། རྗེའི་འགྲེལ་པ་བཞི་སྦྲགས་ལ་གཞི་བྱས། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་འདིའི་མཐའ་ཞེས་པ་མི་འདའ་བའི་དོན་ལ་བཤད་དེ། ཤེས་བྱ་མཛོད་འགྲེལ་སྨད་ཆ་༡༥ལས། གསང་བའི་ཚིག་དང་དོན་ཐམས་ཅད་འདི་ལས་མི་འདའ་བས་མཐའ་དྲུག་ཅེས་བྱའོ། །ཞེས་གསུངས། དེ་ཡང་མཐའ་དྲུག་ནི། དྲང་ངེས་གཉིས། དགོངས་དགོངས་མིན་གཉིས། སྒྲ་ཇི་བཞིན་པ་ཡིན་མིན་གཉིས་ཏེ་དྲུག་གོ། དྲང་ངེས་ཀྱི་བཤད་པ་ནི་རྗོད་བྱེད་ཀྱི་གཞུང་གཅིག་གིས་བརྗོད་བྱའི་དོན་མི་མཐུན་པ་གཉིས་སྟོན་པ་ལ་བཞག དགོངས་དགོངས་མིན་གཉིས་ནི་བརྗོད་བྱའི་དོན་གཅིག་ཉིད་རྗོད་བྱེད་ཀྱི་གཞུང་འགལ་བ་གཉིས་ཀྱིས་སྟོན་པ་ལ་བཞག སྒྲ་ཇི་བཞིན་པ་ཡིན་མིན་གཉིས་ནི་བརྗོད་བྱའི་དོན་འགལ་བ་གཉིས་རྗོད་བྱེད་ཀྱི་གཞུང་འགལ་བ་གཉིས་ཀྱིས་སྟོན་པ་ལ་བཞག་པར་གསུངས་སོ། ། (དྲང་དོན) དངོས་ཟིན་གྱི་དོན་ལ་དྲང་དོན། (ངེས་དོན) དངོས་སུ་མི་སྟོན་པར་སྦས་ནས་སྟོན་རྒྱུ་དེ་ལ་ངེས་དོན་ཞེས་བྱ་སྟེ། དཔེར་ན་དེ་བཞིན་གཤེགས་པ་མི་བསྐྱོད་པ་ཞེས་པའི་རྡོ་རྗེའི་ཚིག་གིས་དངོས་ཟིན་ལ་བཞིན་ལག་གི་རྣམ་པ་ཅན་གྱི་མི་བསྐྱོད་པ་བཤད་པ་ལྟ་བུ་དྲང་དོན་དང༌། དེ་བཞིན་དེ་བཞིན་གཤེགས་པ་མི་བསྐྱོད་པ་ཞེས་པས་སྲོག་འཛིན་གྱི་རླུང་སྟོན་པ་ལྟ་བུ་ངེས་དོན་གྱི་དོན་ནོ། །འདིར་བཤད་པའི་དྲང་ངེས་དང༌། ཕར་ཕྱིན་ཐེག་པ་ནས་བཤད་པའི་དྲང་ངེས་གཉིས་མིང་ཙམ་འདྲ་ཡང་དོན་མི་འདྲ་སྟེ། འདིར་ནི་གཞུང་གཅིག་གི་དོན་ལ་བརྗོད་བྱའི་དོན་ཐ་དད་པ་གཉིས་སུ་བྱས་པའི་སྒོ་ནས་དྲང་ངེས་སུ་བཞག་པ་དང༌། ཕར་ཕྱིན་ཐེག་པར་ནི་མྱུ་གུ་སྐྱེ་བ་གཙོ་བོར་སྟོན་པ་ལྟ་བུ་དྲང་དོན་དང༌། མྱུ་གུ་རང་བཞིན་གྱིས་སྐྱེ་བ་མེད་པ་གཙོ་བོར་སྟོན་པ་ལྟ་བུ་ངེས་དོན་དུ་བཞག་པའི་སྒོ་ནས་དྲང་ངེས་ཀྱི་གཞུང་གཉིས་འགལ་བར་འདོད་པའི་ཕྱིར། (དགོངས་པ་ཅན) གདུལ་བྱ་དབང་པོ་རྣོན་པོ་རྣམས་ལ་འོད་གསལ་དང་ཟུང་འཇུག་སྟོན་པ་ན། དོན་ལ་སྒྲ་འགལ་བའི་ཚིག་གིས་གསུངས་པ་གང་ཡིན་པ་དེ་ནི་དོན་གཞན་ལ་དགོངས་ནས་སྒྲ་འགལ་བ་གཞན་གྱིས་བཤད་པའི་ཕྱིར་དགོངས་པས་བཤད་པའོ། །དཔེར་ན་ཟུང་འཇུག་སྟོན་པ་ན། ལེའུ་བརྒྱད་པ་ལས། ན་ཆུང་གཞོན་ནུ་མིག་ཡངས་མ། །ཞེས་སོགས་གསུངས་པ་ལྟ་བུའོ། །དགོངས་མིན སྣོད་རུང་གི་གདུལ་བྱ་དབང་པོ་དམན་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་ཤིན་ཏུ་གསལ་བར་སྟོན་པ་ནི། དོན་གཞན་ལ་དགོངས་ནས་སྒྲ་འགལ་བའི་མི་སྟོན་པར་སྒྲ་ཐད་དྲང་དུ་གསལ་པོར་སྟོན་པའི་ཕྱིར་དགོངས་པ་མིན་པས་བཤད་པའོ། །དཔེར་ན་འོད་གསལ་སྟོན་པ་ན། ལེའུ་གཉིས་པར་ཡང་དག་མཐའ་ཞེས་གསུངས་པ་ལྟ་བུའོ། ། (སྒྲ་ཇི་བཞིན་པ) གསང་བའི་སྐད་ཀྱི་བརྡ་ཡིས་བཅིངས་པ་མིན་པར་ཡོངས་གྲགས་ལྟར་གསལ་བར་བཤད་པ། དཔེར་ན་རྒྱུད་སྡེ་འོག་མ་གསུམ་དུ་དཀྱིལ་འཁོར་བྲི་བའི་ཚུལ། ལྷ་མཆོད་པ། གཏོར་མའི་ཆོ་ག་དང༌། སྨན་གྱི་ཆོ་ག་སོགས་གསལ་བར་བཤད་པ་གང་ཡིན་པ་དེ་དང་དེ་ནི་སྒྲ་ཇི་བཞིན་པའོ། ། (སྒྲ་ཇི་བཞིན་པ་མིན་པ) ཀོ་ཊཱ་ཁྱ། ཀོ་ཊཱ་ཝ། ཀོ་ནཱ། ཀོ་ཊཱ་ཝ། ཀོ་ཊཱར་ག ཀོ་ལ་ཁྱ། ཀོ་ལ་ཝ། ཀོ་ལ། ཀོ་ལ་ཝ། ཀོ་ལ་སྟ་བ་ཞེས་པ་ལྟ་བུའི་སྒྲ་བཅུ་པོ་དེ་འཇིག་རྟེན་པ་དང་སྒྲའི་བསྟན་བཅོས་ལས་རླུང་བཅུའི་དངོས་མིང་དུ་མ་གྲགས་ཀྱང༌། དེ་བཞིན་གཤེགས་པས་དེ་ལྟར་བརྡ་མཛད་པ་དེ་ལ་སྒྲ་ཇི་བཞིན་པ་མིན་པའི་བཤད་པ་ཞེས་བྱའོ། །མདོར་ན་སྒྲ་ཇི་བཞིན་པ་དང་ཇི་བཞིན་པ་མིན་པ་ཞེས་པ། ཡོངས་གྲགས་དང་ཡོངས་གྲགས་མིན་པ་ཞེས་བྱ་བའི་དོན་ཏེ། འཇིག་རྟེན་ཡོངས་གྲགས་དང་མཐུན་པའི་བཤད་ཚུལ་དེ་ལ་སྒྲ་ཇི་བཞིན་པ་དང༌། འཇིག་རྟེན་ཡོངས་གྲགས་དང་མི་མཐུན་པའི་བཤད་ཚུལ་དེ་ལ་སྒྲ་ཇི་བཞིན་པ་མིན་པ་ཞེས་བྱའོ། ། (ཚུལ་བཞི་ནི) ཡིག་དོན་གྱི་བཤད་པ། སྤྱི་དོན་གྱི་བཤད་པ། སྦས་དོན་གྱི་བཤད་པ། མཐར་ཐུག་གི་བཤད་པ་དང་བཞིའོ། །ཚུལ་བཞི་ནི་བཤད་ཚུལ་བཞི་ཞེས་པའོ། །ཞིབ་ཏུ་བཤད་ན། (ཡིག་དོན་གྱི་བཤད་པ་ནི) སྒྲའི་བསྟན་བཅོས་ལ་བརྟེན་ནས་སྒྲ་པའི་ཐོབ་ཚོད་ཀྱི་བཤད་པ་དེ་ལ་ཡིག་དོན་གྱི་བཤད་པ་ཞེས་བྱའོ། །འདི་དང་གོང་གི་མཐའ་དྲུག་གི་སྒྲ་ཇི་བཞིན་པའི་བཤད་པ་གཉིས་མི་འགལ་བར་གཞི་མཐུན་དུ་ཡང་བཤད་དོ། ། (སྤྱི་དོན་གྱི་བཤད་པ་ནི) རྒྱུད་སྡེ་འོག་མ་གསུམ་གྱིས་གདུལ་བྱས་བླ་མེད་ཀྱི་རྒྱུད་སྡེ་འདི་ལ་སྨོད་པ་བཟློག་པའི་ཕྱིར་དུ་དེ་དག་དང་མཐུན་པར་བཤད་པ་རྣམས་ལ་སྤྱི་དོན་གྱི་བཤད་པ་ཞེས་བྱའོ། ། (སྦས་དོན་གྱི་བཤད་པ་ནི) རིག་མ་དང་མཉམ་པར་སྦྱོར་བའི་ཚུལ་སོགས་ཚོགས་སུ་བསྟན་དུ་མི་རུང་བར་སྣོད་རུང་གི་གདུལ་བྱ་ལ་སྦས་ནས་སྟོན་པ་ལ་སྦས་དོན་གྱི་བཤད་པ་ཞེས་བྱའོ། །སྦས་ནས་སྟོན་རྒྱུ་དེ་ལ་འདོད་ཆགས་ཆོས་སྦས། ཀུན་རྫོབ་སྒྱུ་སྦས། སྣང་བ་སེམས་སྦས་དང་གསུམ་མོ། །མཐར་ཐུག་གི་བཤད་པ་ནི བཤད་བྱའི་མཐར་ཐུག་རིམ་པ་བཞི་པའི་འོད་གསལ་དང༌། ཟུང་འཇུག་བཤད་པ་ལ་མཐར་ཐུག་གི་བཤད་པ་ཞེས་བྱ་སྟེ། དེ་གཉིས་ལས་ཁྱད་པར་དུ་གྱུར་པའི་བཤད་བྱ་ཞིག་མེད་པའི་ཕྱིར། ཚུལ་བཞི་པོ་དེ་གོ་བདེ་བར་བཤད་ན། ཡོངས་གྲགས་ཀྱི་བཤད་པ་ལ་ཡིག་དོན་གྱི་བཤད་པ། གཞན་དང་ཐུན་མོང་བའི་བཤད་པ་ལ་སྤྱི་དོན་གྱི་བཤད་པ། ཡོངས་གྲགས་དང་ཐུན་མོང་དུ་མ་བཤད་པར་སྦས་ནས་བཤད་པ་ལ་སྦས་དོན་གྱི་བཤད་པ། བཤད་བྱ་མཐར་ཐུག་བཤད་པ་དང་བཞིའོ། །རྗེའི་འགྲེལ་པ་བཞི་སྦྲགས། རྗེ་བཙུན་ཀུན་དགའ་དོན་གྲུབ་རྒྱུད་ཊཱིཀ་དང༌། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་བཅས་ལ་གཞི་བྱས།