From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| མཐའ་འཁོབ
|
| Tibetan Definition
|
(འདུལ་བ) 1 ཡུལ་གྱི་མཐའ་མཚམས་ཀྱི་ས་ཆའི་མིང༌། 2 སངས་རྒྱས་ཀྱི་འཁོར་རྣམ་བཞི་མི་རྒྱུ་བའི་ཡུལ། རྒྱ་གར་རྡོ་རྗེ་གདན་དབུས་སུ་བྱས་ཏེ། ཤར་དུ་ལི་ཁ་ར་ཤིང་འཕེལ་གྱི་མདུན་གྱི་ནགས་ལི་ཁ་རའི་ཚང་ཚིང་ཅན་ཞེས་བྱ་བ་དང༌། ལྷོར་གྲོང་ཁྱེར་འདབ་བུ་ཅན་གྱི་ལྷོ་ན་ཆུ་ཀླུང་འདམ་བུ་ཅན་ཞེས་བྱ་བ་དང༌། ནུབ་ཏུ་བྲམ་ཟེའི་གྲོང་ཀབ་དང་ཉེ་བའི་ཀབ་ཅེས་བྱ་བ་གཉིས། བྱང་དུ་ཨུ་ཤི་རའི་རི་ཞེས་བྱ་བའི་ཡུལ་དེ་དག་ཕན་ཆད་ཀྱི་ཡུལ་ལོ། །སྒྲ་བཤད་ནི། ཡུལ་དབུས་ཀྱི་མཐའ་ལ་འཁོབ་པ་སྟེ་ཁེབས་པའམ་ཁྱབ་སྟེ་གནས་པས་ན་མཐའ་འཁོབ་ཅེས་བྱའོ། །སྤྱིར་འཁོབ་ཅེས་པ་ངན་པའམ་མཐའི་དོན་ལ་བཤད་པའང་ཡོད་དེ། ལི་ཤིའི་གུར་ཁང་ལས། འཁོབ་པ་ནི་ངན་པའམ་མཐའ་ཞེས་གསུངས་ཤིང་། ཚེ་ཏན་ཞབས་དྲུང་གི་དག་ཡིག་ཐོན་མིའི་དགོངས་རྒྱན་ལས་ཀྱང་། འཁོབ་པ་ནི་ངན་པའི་བརྡ་རྙིང་སྟེ་མཐའ་འཁོབ་དང་འཁོབ་བལ་ཞེས་པས་མཚོན་ཞེས་ཀྱང་གསུངས་སོ། །པཎ་ཆེན་ཤཱཀ་མཆོག་པས། འཁོབ་ལ་མཁོབ་ཅེས་བྲིས་ཏེ། མཁོབ་ཅེས་པ་མཐའ་ཡི་དོན་ཡིན་པར་བཤད་དེ། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་སྒྲའི་གནས་བྱེ་བྲག་ཏུ་རྟོགས་པར་བྱེད་པ་ལས། མཁོབ་ཅེས་བྱ་བ་མཐའ་ཡི་ནི། །མིང་ཡིན་མཐའ་མཁོབ་ཅེས་བྱ་དང་། །མཁོབ་བལ་སོགས་ཀྱང་རྟོགས་པར་སླ། །ཞེས་གསུངས་ཀྱང་། མཁོབ་ཅེས་པའི་འབྲི་སྲོལ་འདིའི་ཁུངས་ཚོལ།
|