6588

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐུན་པ་སྤུན་བཞི
Tibetan Definition (འདུལ་བ) སྔོན་ཡུལ་ཀ་ཤིའི་ནགས་སྟུག་པོ་ཞིག་ན། བྱ་གོང་མ་སྲེག་དང༌། རི་བོང་དང༌། སྤྲེའུ་དང༌། གླང་པོ་ཆེ་བཞི་གནས་པ་དེ་དག་ཕན་ཚུན་ཡིད་བཅུགས་པས་མཐུན་ལ་རྩོད་པ་མེད་པར་དགའ་བས་དུས་འདའ་ཞིང་གནས་སོ། །དུས་ཞིག་ན་དེ་དག་བགྲོས་ཏེ་གང་ལ་བསྙེན་བཀུར་བྱ་བའི་རྒན་རིམ་ཤེས་པར་འདོད་ནས་དྲིས་པ་དང༌། དེར་ཤིང་ནྱ་གྲོ་དྷ་ཞིག་ཡོད་པ་དེ་བསྟན་ནས། གོང་མ་སྲེག་གིས་སྨྲས་པ། ཤེས་ལྡན་དག་སྔོན་ཤིང་འདིའི་ཚད་ཅི་ཙམ་མཐོང༌། གླང་པོ་ཆེས་སྨྲས་པ། བདག་ཅག་ལམ་འདིར་འགྲོ་བ་ན་ཁོ་བོའི་ལུས་དང་མཉམ་པ་ཙམ་སྐྱེས་པ་དེ་དུས་ནས་མཐོང་ངོ༌། །སྤྲེའུས་སྨྲས་པ། ཁོ་བོ་ཁྱུ་དང་ལྷན་ཅིག་འགྲོ་བའི་ཚེ་འདི་ཁོ་བོའི་ལུས་དང་མཉམ་པ་ཙམ་སྐྱེ་བའི་སྐབས་སོ། །དེ་དག་གིས་གླང་པོ་བས་ཁྱོད་རྒན་ནོ་ཞེས་སྨྲས་སོ། །རི་བོང་གིས་སྨྲས་པ། ཁོ་བོས་འདིའི་ལོ་མ་གཉིས་སྐྱེས་པ་ན་དེར་ཆགས་པའི་ཟིལ་པ་ལྕེས་བལྡགས་སོ། །དེ་དག་གིས་འདི་བས་ཀྱང་ཁྱོད་རྒན་ནོ། །གོང་མ་སྲེག་གིས་སྨྲས་པ། ཁྱེད་ཅག་གིས་ཤིང་ཆེན་པོའི་རྣམ་པར་མཐོང་གིས། ཁོ་བོས་ས་བོན་རྣམས་ཟོས་ནས་ཕྱོགས་འདིར་རྟུག་པ་བོར་བ་ལས་ཤིང་འདི་སྐྱེས་སོ། །དེ་དག་གིས་སྨྲས་པ། བདག་ཅག་ཐམས་ཅད་ལས་ཁྱོད་རྒན་པས་གསུམ་པོས་དེ་ལ་བསྙེན་བཀུར་བྱ་བ་དང༌། སྤྲེའུས་རི་བོང་དང༌། གོང་མ་སྲེག་ལའོ། །རི་བོང་གིས་ནི་གོང་མ་སྲེག་ཁོ་ན་དང༌། གླང་པོ་ཆེས་ཐམས་ཅད་ལ་བསྙེན་བཀུར་བྱ་བར་དམ་བཅས་ཏེ། དེ་ལྟར་རྒན་རིམ་བཞིན་བསྙེན་བཀུར་བྱེད་ཅིང༌། ཕན་ཚུན་རྒྱུ་ཞིང་གང་གི་ཚེ་གཟར་པོའི་ཕྱོགས་སུ་འགྲོ་བ་ན། གླང་པོ་ལ་སྤྲེའུ། སྤྲེའུ་ལ་རི་བོང༌། རི་བོང་ལ་གོང་མ་སྲེག་ཞོན་ཏེ་འགྲོའོ། །དེ་ལྟར་གཅིག་ལ་གཅིག་བྱམས་ཤིང་མཐུན་པར་གནས་པའི་ཚེ། དེ་དག་གིས་དགེ་བའི་བརྟུལ་ཞུགས་གཞན་ཡང་བླང་བར་བགྲོས་མཐུན་ཏེ། སྲོག་གཅོད་པ་དང༌། མྱོས་པར་འགྱུར་བའི་འབྲས་བུ་དང་ཆང་སོགས་སྤངས་པའི་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་རང་ཡང་གནས་ལ། གཞན་ཡང་དེ་ལ་བཀོད་དེ། གཅིག་ལ་གཅིག་གནོད་པ་མི་བྱེད་པར་ནགས་སྟུག་པོ་དེར་ཤེས་བཞིན་གྱིས་གནས་པའི་མཐུས་ལྷས་དུས་སུ་ཆར་ཕབ་པས་ལོ་འབྲས་དང་མེ་ཏོག་སོགས་རྒྱས་པར་གྱུར་ཏོ། །དེ་ནས་མི་རྣམས་ཀྱིས་ཀྱང་དེ་བཞིན་དུ་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་སྤྱད་པས། ཚེ་འདིར་བདེ་སྐྱིད་དང་ཤི་ནས་ཀྱང་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་སོ། །དེའི་དུས་ཀྱི་བྱ་གོང་མ་སྲེག་ནི། ད་ལྟར་གྱི་སྟོན་པ་སངས་རྒྱས་དང༌། རི་བོང་ནི་ཤཱ་རིའི་བུ་དང༌། སྤྲེའུ་ནི་མཽད་གལ་གྱི་བུ་དང༌། གླང་པོ་ཆེ་ནི་ཀུན་དགའ་བོ་ཡིན་ནོ། །འདུལ་བ་ལུང་གཞི་གླེགས་བམ་༼ ག་པའི ༽༡༨༩ན༦དང་། སྐྱེས་རབས་ལ་ཅུང་ཟད་ཕྲི་སྣོན་གྱིས་བཀོད་དོ། །