From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཐོན་མཐིང
|
Tibetan Definition
|
2 ཡང་མཐོན་མཐིང་ཞེས་པ་སྔོན་པོ་སྔོ་རྐྱང་ཞིག་ལ་གོ་རྒྱུ་མིན་པར། སྔོ་ནག་གམ་སྔོ་མདངས་ཕྲན་བུའི་ཡོད་པའི་ནག་པོ་ལ་གོ་དགོས་པར་སྙམ་སྟེ། དེ་ཡང་སྤྱན་མཐོན་མཐིང་གི་འགྲེལ་བཤད་ལ། ཨ་བྷྱ་ཀ་རའི་ཐུབ་པ་དགོངས་རྒྱན་ལས། སྤྱན་ནི་ཟླུམ་པའི་དབུས་སྣུམ་ཞིང་གནག་པ་དང་ནག་པོ་ཟླུམ་པོའི་ལོགས་གཉིས་དཀར་བ་དང༌། ཞེས་སྤྱན་མཐོན་མཐིང་སྟེ་ནག་པོར་གསུངས་པ་དང༌། གཞན་ཡང་གཡག་སྟོན་སངས་རྒྱས་དཔལ་གྱི་ཤེར་ཕྱིན་གྱི་འགྲེལ་པར། སྤྱན་གྱི་དཀྱིལ་ནང་གི་འབྲས་བུ་མཐོན་མཐིང་ལྟར་སྣུམ་ཞིང་གནག་པ། ཞེས་མཐོན་མཐིང་ནི་ནག་པོ་ལ་གསལ་བར་བཤད་དོ། །འོ་ན། རྒྱུད་བླ་མ་ལས། སྤྱན་བཟང་ཨུཏྤལ་ཁྱུ་མཆོག་རྫི་འདྲ་དང༌། །ཞེས་དང༌། དེའི་ཐད་ཀྱི་རྒྱུད་བླ་དར་ཊཱིཀ་ལས། བྱམས་པས་ཐམས་ཅད་བསྲུངས་པས་སྤྱན་བཟང་པོ་ཨུཏྤལ་དང་འདྲ་བ་སྤྱན་མཐོན་མཐིང་དང་ལྡན་ཞིང་དཀར་ནག་འབྱེས་པ་དང༌། ཞེས་ཨུཏྤལའི་ཁ་དོག་ལ་སྦྱར་ནས་གསུངས་པ་ལྟར་སྣང་བ་ཇི་ལྟར་ཡིན་ཞེ་ན། དོགས་གཅོད། སྐབས་མང་པོར་མཐོན་མཐིང་སྔོན་པོའི་མིང་དུ་བཤད་ལ། ཡང་སྐབས་གཞན་དུ་ནག་པོའི་མིང་དུ་བཤད་པ་གང་ཡིན་སྙམ་ན། མཐོན་མཐིང་ནི་སྔོ་ནག་གི་མིང་ཡིན་ལ། དེ་ནི་ནག་པོ་དང་སྔོན་པོ་གང་གི་ཁོངས་སུ་བཞག་ཀྱང་འགལ་བ་ཆེར་མེད་པས་དེས་ཡིན་པར་སེམས་སོ། །གལ་ཏེ་རྒྱུད་བླ་དར་ཊཱིཀ་ལས། སྤྱན་བཟང་པོ་ཨུཏྤལ་དང་འདྲ་བ་སྤྱན་མཐོན་མཐིང་དང་ལྡན་ཞིང་དཀར་ནག་འབྱེས་པ་དང༌། ཞེས་པའི་སྤྱན་མཐོན་མཐིང་ཞེས་པ་སྤྱན་འབྲས་སྔོན་པོར་གསུངས་པའི་དོན་དུ་འདོད་ན། ཚིག་དེ་གའི་མཇུག་ཏུ་དཀར་ནག་འབྱེས་པ་ཞེས་པའི་ནག་པོ་དེ་གང་ལ་བྱེད་སྨོས་ཤིག གཞན་ཡང་མཐོན་མཐིང་སྔོན་པོ་རུ་འདོད་ན་གོང་དུ་དྲངས་པའི་རྒྱ་ཆེར་རོལ་པའི་མདོའི་ཚིག་སྔ་ཕྱི་ལའང་འགལ་བ་ཡོད་པར་འགྱུར་ཏེ། མདོ་དེ་ཉིད་ལས།དབུ་སྐྲ་སྟང་ཟིལ་བཅག་པའི་འཕྲོ་དང་རྨ་བྱའི་མགྲིན་པ་ལྟར་མཐོན་མཐིངཞེས་གསུངས་པའི་སྟང་ཟིལ་ནི་ནག་པོ་ཡིན་ལ་རྨ་བྱའི་མགྲིན་པ་ནི་སྔོན་པོར་འདོད་དགོས་པས་ཚིག་ཟིན་ལ་ནང་འགལ་ཡོད་པར་འགྱུར་རོ། །མང་པོས་མཐོན་མཐིང་ཞེས་པ་སྔོན་པོ་སྔོ་རྐྱང་ཞིག་ལ་འཁྲུལ་ནས། དེ་བཞིན་གཤེགས་པའི་སྤྱན་འབྲས་དང་དབུ་སྐྲའི་མདོག་སྔོན་པོར་འདོད་པ་དང༌། དེའི་རྗེས་སུ་འབྲངས་ནས་ལྷ་བྲིས་པ་མང་པོས་དབུ་སྐྲ་སྔོན་པོར་བྱས་པ་སོགས་སྣང་མོད། ཁོ་བོས་ནི་མི་ཚེ་ཕལ་ཆེར་རྒྱ་གར་དུ་བསྐྱེལ་ཡང་སྐྲ་སྔོན་པོ་ཅན་གྱི་རྒྱ་གར་གྱི་མི་ལྟ་ཞོག་འཛམ་གླིང་གི་ཡུལ་གྲུ་གང་གི་མིའི་རིགས་ལའང་མ་མཐོང་ངོ༌། །ཕྱུགས་རྫི་ཡན་གྱིས་ཤེས་ནུས་པའི་མཐོང་བ་མངོན་གྱུར་གྱི་རིགས་འདི་དག་ལ་སྒྲོ་སྐུར་མེད་པར་འཇིག་རྟེན་ཡོངས་གྲགས་དང་མཐུན་པའི་འགྲེལ་བཤད་ཅིག་གནང་ན་མཛེས་སོ། །འོན་ཀྱང་དེ་དག་ལ་ཁུངས་གཏན་ནས་མེད་པ་ཡང་མ་ཡིན་ཏེ། རྒྱ་ཆེར་རོལ་པའི་མདོ་ལས། རྒྱལ་བུ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་དབུ་སྟང་ཟིལ་བཅག་པའི་འཕྲོ་དང་རྨ་བྱའི་མགྲིན་པ་ལྟར་མཐོན་མཐིང་དུ་གྲུབ་ཅིང་ལྕང་ལོར་འཁྲིལ་ལ་གཡས་སུ་འཁྱིལ་བ་དང༌། ཞེས་དང༌། རྗེའི་དབྱངས་ཅན་མའི་བསྟོད་པ་ལས། པད་མའི་བཞིན་ལ་གཡོ་ལྡན་བུང་བའི་མིག །མཐོན་མཐིང་རལ་པའི་རྩེ་ན་འོད་དཀར་ཅན། །ཞེས་དང༌། རྒྱུད་བླ་མ་ལས། དབུ་སྐྲ་དྲི་མེད་རིན་ཆེན་མཐོན་མཐིང་བཞིན། །ཞེས་དང༌། དེའི་ཐད་ཀྱི་རྒྱུད་བླ་དར་ཊཱིཀ་ལས། སེམས་ཅན་ཀུན་ལ་བརྩེ་ཞིང་མཚོན་ཆ་སོགས་སྤངས་པས་དབུ་སྐྲ་དྲི་མ་མེད་ཅིང་རིན་ཆེན་མཐོན་མཐིང་གི་མདོག་བཞིན་ (འདི་དག་ཀྱང་བུ་མོ་རིན་ཆེན་གྱིས་ཞུས་པའི་མདོའི་རྗེས་སུ་འབྲངས་པར་གསུངས་སོ) དང༌། ཞེས་སོགས་ལ་གཞི་བཅོལ་བར་སེམས་ཤིང༌། གཞན་ཡང་གཞུང་མང་པོར་མཐོན་མཐིང་སྔོན་པོ་རུ་གསལ་བར་བཤད་པའང་ཡོད་དོ། །
|