From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མདོ
|
Tibetan Definition
|
<སཱུ་ཏྲ> 1 (འདུལ་བ) མདོར་བསྡུས། ཉུང་བསྡུས། མགོ་སྨོས་ཙམ་བཅས་ཀྱི་དོན། སོ་ཐར་མདོ་ཞེས་པ་ལྟ་བུ། སྒྲ་བཤད་ནི། མདོའི་སྐད་དོད་སཱུ་ཏྲ་ཞེས་པ་མགོ་སྨོས་པའམ་མདོར་བསྡུས་ཀྱི་དོན་ཏེ། དོན་མང་པོ་ཉུང་ངུར་བསྡུས་པས་ན་མདོའོ། །དཔེར་ན་འདུལ་བ་ལུང་སྡེ་བཞིའི་དོན་ཐམས་ཅད་སོ་ཐར་གྱི་མདོའི་ནང་དུ་འདུས་པས་ན་དེ་ལ་མདོ་ཞེས་བརྗོད་པ་ལྟ་བུའོ། །ཤཱཀྱ་འོད་ཀྱི་གསུང་ལ་གཞི་བྱས། ཡང་ན་མདོའི་སྐད་དོད་སཱུ་ཏྲ་ཞེས་པ་སྲད་བུའམ་སྐུད་པ་ལའང་འཇུག་པས། སྐུད་པ་དང་བྱེད་ལས་མཚུངས་པས་མདོ་ཞེས་བཏགས་ཏེ། སྐུད་པས་ནི་གོས་སོགས་ཁ་མ་བྲལ་བར་མཉམ་དུ་འཛིན་པར་བྱེད་པ་ལྟར། འདིས་ཀྱང་སངས་རྒྱས་ཀྱིས་གསུངས་པའི་གཅེས་པའི་ལེགས་བཤད་རྣམས་མ་འཐོར་བར་ཕྱོགས་གཅིག་ཏུ་འཛིན་པར་བྱེད་པའི་ཆ་ནས་མདོ་ཞེས་བཏགས་སོ། །མདོའི་སྐད་དོད། སཱུ་ཏྲ་ཞེས་པ་སྲད་བུའམ་སྲད་སྐུད་ལའང་འཇུག་པ། སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་སོགས་ལས་བཤད་ཅིང་། རྒྱ་གར་གྱི་ཡུལ་སྐད་ལའང་ཡོད་དེ། དཔེར་ན། མངྒལ་སཱུ་ཏྲ་ཞེས་པ་རྒྱ་གར་གྱི་བུད་མེད་གཉེན་སྒྲིག་ཟིན་པ་རྣམས་ཀྱི་སྐེ་ལ་འདོགས་རྒྱུའི་གསེར་དངུལ་སོགས་ཀྱིས་སྤྲས་པའི་སྲད་སྐུད་ནག་པོ་ཞིག་གི་མིང་ཡིན་པ་བཞིན་ནོ། །མངྒལ་སཱུ་ཏྲ་ཞེས་པ་བོད་སྐད་དུ་བསྒྱུར་ན་བཀྲ་ཤིས་པའི་སྲད་སྐུད་ཟེར། དེ་ཡང་མངྒལ་ནི་དགེ་བ་དང་བཀྲ་ཤིས་པ་དང་ལེགས་པ་བཅས་ལ་འཇུག་ལ། སཱུ་ཏྲ་ནི་སྐུད་པའམ་སྲད་སྐུད་དང་། མདོ་བཅས་ལ་འཇུག་གོ། མདོའི་སྐད་དོད་སཱུ་ཏྲདང་། རྒྱུད་ཀྱི་སྐད་དོད་ཏནྟྲགཉིས་ཀ་སྐུད་པའི་དོན་ལ་འཇུག་པར་སྙམ་ཡང་དཔྱད། 2 སྔགས་དང་མ་འབྲེལ་བའི་སངས་རྒྱས་ཀྱི་བཀའམ། དེའི་གླེགས་བམ་གྱི་མིང་། 3 བཀའི་དགོངས་འགྲེལ་ཀྱི་བསྟན་བཅོས་ལ་འཇུག དཔེར་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའིམདོ་ཀུན་ལས་བཏུས་པདང་། ཕྱོགས་གླང་གིས་མཛད་པའི་ཚད་མ་མདོདང་། སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ་བ་ལྟ་བུ། 4 བསྟན་བཅོས་སམ་གཞུང་སྤྱི་ལའང་འཇུག སྒྲ་མདོ་ལྟ་བུ། 5 གསུང་རབ་ཡན་ལག་བཅུ་གཉིས་ཀྱི་མདོ་སྡེ་དང་། སྡེ་སྣོད་གསུམ་གྱི་ནང་ནས་མདོ་སྡེ། 6 མང་པོ་གཅིག་ཏུ་འདུས་པའམ་འཚོགས་པ། དཔེར་ན་ལམ་གྱི་གསུམ་མདོ་དང་བཞི་མདོ་ཞེས་པ་ལྟ་བུ། 7 ཁང་པ་སོགས་ཀྱི་ཕྱིའམ་མདའ། དཔེར་ན་ཁང་པ་མདོ་སྦུག་གཉིས་ཞེས་པ་ལྟ་བུ།
|