6666

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་སྡེ་འཛིན་པ
Tibetan Definition མདོ་སྡེའི་ཚིག་དོན་བློ་ལས་ཐོན་པའི་དགེ་སྦྱོང་མཁས་པ་རྣམས་ལ་མདོ་སྡེ་འཛིན་པ་ཟེར། དེས་འདུལ་བ་དང་མ་མོ་འཛིན་པ་ལའང་རིགས་འགྲེའོ། །འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་སོ་སོའི་ཐད་དུ་གཟིགས། འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་ཞེས་བྱ་བ་ནི་མདོ་སྡེ་ལ་སོགས་པ་བཟུང་བ་མི་བརྗེད་པའོ། །ཞེས་གསུངས། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། མདོ་སྡེ་འཛིན་པ་ནི་གཞུང་གི་སྒོ་དང་དོན་གྱི་སྒོའམ་གཞན་གྱི་སྒོ་ནས་མདོ་སྡེ་མ་ལུས་པར་འཛིན་པར་བྱེད་པའོ། །མདོ་སྡེ་འཛིན་པ་ཞེས་བྱ་བ་ལ་སོགས་པ་ནི་དོན་གྱི་སྒོ་དང་ཚིག་གི་སྒོ་ནས་འཛིན་པའོ། །དོན་དུ་ཞེས་བྱ་བ་ནི་ཆེད་དུའོ། །ཞེས་གསུངས། མདོ་སྡེ་འཛིན་པ་ནི་སངས་རྒྱས་ཀྱིས་ཀྱང་ཤིན་ཏུ་བཀུར་བའི་གནས་སུ་གསུངས་ཏེ། སློབ་དཔོན་ཡོན་ཏན་གྱི་འོད་ཀྱི་མདོ་རྩ་བ་ལས། མདོ་སྡེ་འཛིན་པ་འོང་བ་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དག་གིས་བསུ་བར་བྱའོ། །འདུལ་བ་དང་མ་མོ་ཡང་ངོ། །དཔག་ཚད་ཕྱེད་དང་གསུམ་དུའོ། །མ་ནུས་ན་རྒྱང་གྲགས་ལྔར་རོ། །གསུམ་མམ་དཔག་ཚད་ཕྱེད་དམ་རྒྱང་གྲགས་སམ་རྒྱང་གྲགས་ཕྱེད་དམ་ཁྱམས་སུ་ཡང་རུང་ངོ། །ངག་གི་བཤེས་པའི་ཚིག་གིས་བསུ་ནས་ལྷུང་བཟེད་དང་ཆོས་གོས་བླང་བར་བྱའོ། །ཁྲུས་བྱའོ། །སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ་བའི་རང་འགྲེལ་རང་གི་རྣམ་བཤད་ལས། མདོ་སྡེ་འཛིན་པ་འོང་བ་ན་གདུགས་དང། རྒྱལ་མཚན་དང་བདན་ལ་སོགས་པ་དག་གིས་བསུ་བར་བྱའོ། །ཞེས་གསུངས། མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ། མ་མོ་འཛིན་པ་སོགས་གང་ཟག་ཁྱད་པར་ཅན་རྣམས་ལ་སངས་རྒྱས་ཀྱིས་ཀྱང་དམིགས་བསལ་མང་པོ་ཕུལ་ཡོད། དཔེར་ན་དགེ་འདུན་ལྷག་མའི་ལྟུང་བ་ལྟ་བུར་སྤོ་མགུ་དབྱུང་གསུམ་མི་དགོས་པར། དགེ་སློང་གང་ཟག་གི་གཅིག་གི་མདུན་དུ་བཤགས་པས། དགེ་འདུན་ལྷག་མའི་ལྟུང་བ་འདག་པར་གསུངས་ཏེ། སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ་བ་ལས། མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་དང། །ཤེས་པས་མི་གཅིག་གི་མདུན་དུ་བཤགས་པས་དགེ་འདུན་ལྷག་མ་ལས་ལྡང་ངོ། །བསམ་པས་ལྟུང་བ་ལས་ལྡང་གི་ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ། །ཞེས་གསུངས་སོ། །ཡང་སློབ་དཔོན་ཡོན་ཏན་གྱི་འོད་ཀྱི་འདུལ་བ་མདོ་རྩའི་རང་འགྲེལ་༼ རང་གི་རྣམ་བཤད ༽ལས། ངོ་ཚ་དང་ལྡན་པ་དང། མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་དང། ཤེས་པས་ནི་གཅིག་གི་མདུན་དུ་བཤགས་པས། དགེ་འདུན་ལྷག་མ་ལས་འདག་གོ་ཞེས་བྱ་བ་ལ་འདིས་སྤོ་བར་བྱ་བ་དང་མགུ་བར་བྱ་བ་དག་ལ་རྩོམ་པ་མི་དགོས་པ་ཉིད་ཅེས་བྱ་བ་ཤེས་པར་བྱའོ། །ཞེས་གསུངས་སོ། །དེར་མ་ཟད་གལ་ཏེ་མདོ་སྣོད་འཛིན་པ་དེ་དག་ལ་སྤོ་མགུ་དབྱུང་གསུམ་སོགས་ཀྱི་ཆད་ལས་དང་ནན་ཏུར་གྱི་ལས་བྱེད་ན་དབྱེན་གྱི་སྦོམ་པོར་ཡང་གསུངས་ཏེ། མདོ་རྩ་བ་ལས། ཤེས་པ་དང་བསོད་ནམས་ཆེན་པོ་དང་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དང་ཐོས་པ་དང་ཕྱོགས་དང་འཁོར་མང་བ་དག་ལ་ནི་སྦོམ་པའོ། །ཞེས་གསུངས། གཞན་ཡང་། སློབ་དཔོན་ཡོན་ཏན་འོད་ཀྱི་མདོ་རྩ་བའི་རང་འགྲེལ་རང་གི་རྣམ་བཤད་ལས་ཀྱང་། བསོད་ནམས་ཆེན་པོ་དང། མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་ཐོས་པ་མང་བ་དང། ཕྱོགས་མང་བ་དང། འཁོར་མང་བ་ཆོས་ཀྱི་གནས་ནས་འབྱིན་ན་དབྱེན་གྱི་སྐབས་སུ་གཏོགས་པའི་ཉེས་པ་སྦོམ་པོར་འགྱུར་རོ། །ཞེས་གསུངས་སོ། །མདོ་སྡེ་འཛིན་པའི་མཚན་གཞི་ནི། སློབ་དཔོན་ཡོན་ཏན་འོད་ལྟ་བུ་དང་། སློབ་དཔོན་དགེ་ལེགས་བཤེས་གཉེན་ལྟ་བུའོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་མདོ་སྡེ་འཛིན་པ་དགེ་ལེགས་བཤེས་གཉེན་གྱིས་ཉེ་བར་སྦྱར་བ་ལས་གསོ་སྦྱོང་གི་གཞི་རྒྱ་ཆེར་འགྲེལ་པ་རྫོགས་སོ། །ཞེས་གསུངས་སོ། །