6679

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོར་བསྡུས་ན་དང་མདོར་ནའི་ཁྱད་པར
Tibetan Definition དེ་གཉིས་ཀྱི་ཁྱད་པར་ནི། མདོར་བསྡུས་ན་ཞེས་པ་ནི་ཚིག་གི་སྤྲོས་པ་བསྡུས་ནས་ཉུང་ངུའི་ཚིག་གིས་བཤད་ན་ཞེས་པའི་དོན་ཡིན་ལ། མདོར་ན་ཞེས་པ་ནི་དོན་གྱི་མདོའམ་སྡོམ་མའམ་སྙིང་པོའམ་གཅེས་གཅེས་དེ་བཤད་ན་ཞེས་པའི་དོན་ནོ། །ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བ་༼ གེ ༽༡༠༧ན༤ལས། དེ་ལ་མངོན་མཐོ་བདེ་བ་སྟེ། །ངེས་པར་ལེགས་པ་ཐར་པར་འདོད། །དེ་ཡི་བསྒྲུབ་པ་མདོར་བསྡུས་ན། །མདོར་ན་དད་དང་ཤེས་རབ་བོ། །ཞེས་གསུངས། དེའི་ཐད་ཀྱི་སློབ་དཔོན་མི་ཕམ་བཤེས་གཉེན་གྱི་རིན་ཆེན་ཕྲེང་བའི་རྒྱ་ཆེར་འགྲེལ་པ་༼ གེ ༽༡༢༩བ༦ལས། མདོར་བསྡུས་ན་ཞེས་བྱ་བ་དང་། མདོར་ན་ཞེས་བྱ་བ་དག་ལ་ཁྱད་པར་ཅི་ཡོད་ནས་འདི་ལྟར་གཉིས་སྨོས་ཤེ་ན། སྔ་མ་ནི་སྒྲུབ་པའི་ཁྱད་པར་རོ། །གཞན་ནི་དད་པ་ལ་སོགས་པའི་ཡིན་པས་ཉེས་པ་མེད་དོ། །ཡང་ན་སྒྲ་རྣམས་ཀྱི་དོན་དུ་མ་ཡིན་པའི་ཕྱིར་སྔ་མ་ནི་བསྟན་པའི་ཚིག་ཡིན་ནོ། །ཞེས་གསུངས་པ་ལ་དལ་བུས་བརྟགས་པར་བྱའོ། །དེས་ན། དེ་ཡི་བསྒྲུབ་པ་མདོར་བསྡུས་ན། །མདོར་ན་དད་དང་ཤེས་རབ་བོ། །ཞེས་གསུངས་པ་འདིའི་དོན་ནི། མངོན་མཐོ་དང་ངེས་ལེགས་དེ་ཡི་བསྒྲུབ་པའམ་ཐབས་དེམདོར་བསྡུས་ན་སྟེ་ཚིག་ཉུང་ངུས། མདོར་ན་སྟེ་དོན་གྱི་སྙིང་པོ་དེ་རྣམས་བཤད་ན་ཞེས་པའི་དོན་ནོ། །