6691

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མནའ
Tibetan Definition དཀོན་མཆོག་དང་བླ་མ་སོགས་དཔང་དུ་བཙུགས་ནས་དམ་བཅས་པ་ལ་གནའ་ཞེས་བྱ། སྒྲ་བཤད་ནི། མནའ་ཞེས་པའི་ཚིག་འདིའི་སྒྲ་བཤད་དམ་ཐོག་མའི་འབྱུང་ཁུངས་ནི། གདོད་མའི་མི་རྣམས་ཀྱིས་མིའི་གདོང་གི་གཡས་གཡོན་གང་གི་ཕྱོགས་སུའང་མ་ལྷུང་བར་དབུས་སུ་དྲང་པོར་གནས་པའི་སྣ་ལ་དཔེ་བཞག་ནས་བཏགས་པ་དེ་རིམ་པས་འཕོ་འགྱུར་བྱུང་ནས་མནའ་ཞེས་པའི་ཐ་སྙད་ཆགས་པར་མཁས་པ་འགའ་རེས་བཤད། མནའ་སྐྱེལ་བའི་གོམ་སྲོལ་དེ་གདོད་མའི་བོན་ཆོས་དང་འབྲེལ་བ་ཆེན་པོ་ཡོད། གང་ལགས་ཤེ་ན། གནའ་བོ་མནའ་སྐྱེལ་དམ་བཅའ་བྱེད་སྐབས་སྲོག་ཆགས་བསད་ནས་དམར་མཆོད་འབུལ་བ་དང་། ཁྲག་ཁ་ལ་བྱུག་པ་བཅས་ཀྱི་སྒོ་ནས་མནའ་སྐྱེལ་དམ་བཅའ་བྱེད་སྲོལ་ཡོད་པ་དང་། སྐབས་དེའི་བོད་མིའི་སྤྱི་ཚོགས་ནང་ཁྲིམས་ལུགས་ཆ་ཚང་བ་ཞིག་མེད་སྟབས་ནམ་རྒྱུན་འཚོ་བའི་ནང་རྙོག་གླེང་བྱུང་བའི་གནད་དོན་རྣམས་བདེན་རྫུན་དབྱེ་འབྱེད་དང་། དྲང་བདེན་གྱི་ཐག་གཅོད་བྱེད་ཐབས་གཞན་མེད་སྟབས། མནའ་སྐྱེལ་དམ་བཅས་ཀྱི་བྱ་ཐབས་དེ་བེད་སྤྱོད་བྱས་ནས་མི་ཕན་ཚུན་གྱི་དབར་རྩོད་རྙོག་ཆགས་པ་རྣམས་བདེན་རྫུན་དབྱེ་འབྱེད་དང་། དྲང་བདེན་གྱི་ཐག་གཅོད་བྱེད་ཀྱི་ཡོད། བོད་མིའི་ཁྲོད་དུ་མནའ་སྐྱེལ་དམ་བཅས་ཀྱི་བག་ཆགས་གཏིང་ཟབ་ཡོད། དཔེར་ན་ཁ་རྒྱུན་དུ། མནའ་ཆུང་ཡང་བ་མོ་ཙམ། བ་མོ་ཆུང་ཡང་ལྷག་སྦངས། ཞེས་པ་ལྟར་མནའ་བཟོས་པའི་ཉེས་དམིགས་ཤིན་ཏུ་ལྕི་བར་བཤད་པས། དམ་ཚིག་ལྡན་པའི་མི་རྣམས་མནའ་དང་འགལ་མི་ཕོད། མནའ་དང་འགལ་མཁན་ཡིན་ཕྱིན་མི་ཐ་ཤལ་ཞིག་ལ་བརྩི་བས། མནའ་ལ་ཧ་ཅང་བརྩི་འཇོག་ཆེན་པོ་བྱེད། མི་སོ་སོའི་བྱ་སྤྱོད་དྲང་བདེན་ཡིན་མིན་གྱི་ཚད་འཛིན་ས་ཡང་མནའ་ཡིན་པ་དང་། མི་མང་ཆེ་བས་མནའ་གང་བྱུང་དུ་མི་སྐྱེལ་བ་དང་། མནའ་བསྐྱལ་བ་ཡིན་ན་གང་བཤད་བདེན་པ་ཡིན་པར་ཡིད་ཆེས་བྱེད་ཀྱི་རེད། གཞན་ཡང་། དཔེར་ན་དབུ་སྙུང་གནས་བའི་གོར་མ་དེ་ཞེས་པ་ལྟ་བུ་དབུ་སྙུང་ནི་མནའ་དང་། གོར་མ་ནི་རྡོའི་མིང་ཡིན་པས། སྔོན་དུས་བོད་དུ་གནའ་སྐྱེལ་བའི་ཚེ་རྡོ་བ་རེ་ལག་ཏུ་འཆང་སྲོལ་ཡོད་པ་དེ་ཁམས་དང་འབྲས་ལྗོངས་སོགས་ན་ཉེ་དུས་བར་དུ་ཡོད་པར་མཁས་དབང་དགེ་འདུན་ཆོས་འཕེལ་གསུང་། རབ་བྱུང་གིས་མནའ་བསྐྱལ་དུ་མི་རུང་བའི་སྐོར་འོག་ཏུ་གཟིགས།