6692

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མནའ་འདོར་བར་མི་བྱ
Tibetan Definition (འདུལ་བ) རྫུན་དུ་སྨྲ་བའི་ལྟུང་བྱེད་ཀྱི་ཐད་ཀྱི་མདོ་རྩ་བ་ལས། མནའ་འདོར་བར་མི་བྱའོ། །ཞེས་གསུངས། རབ་བྱུང་རྣམས་ཀྱིས་མནའ་བསྐྱལ་ན་བསླབ་བྱའི་ཉེས་བྱས་སུ་འགྱུར་བར། པཎ་ཆེན་བློ་གྲོས་ལེགས་བཟང་གིས་རིན་ཆེན་ཕྲེང་བའི་དགོངས་རྒྱན་ལས་གསུངས་ཤིང་། ཀརྨ་པ་མི་བསྐྱོད་རྡོ་རྗེའི་འདུལ་ཊཱིཀ་ལས་ཀྱང་དེ་བཞིན་དུ་གསུངས་ཏེ། མནའ་དོར་བར་དགེ་སློང་གིས་མི་བྱའོ། །དེ་ཡང་ཁོ་བོས་སྨྲས་པ་འདི་མི་བདེན་ན་སངས་རྒྱས་སྤང་བར་དམ་བཅས་པའམ། ཡང་ན་སྨྲས་པ་འདི་མི་བདེན་ན་རང་གི་ཚངས་པར་སྤྱོད་པ་གཏོང་བར་དམ་བཅས་པ་ལྟ་བུ་སྟེ། དེས་ན་གལ་སྲིད་སྨྲས་པ་མི་བདེན་ཅིང་དམ་བཅའ་འདི་ལྟ་བུ་ལས་འདས་ན་མནའ་ཟོས་པས་ལྟུང་བྱེད་ཆར་གཏོགས་ཀྱི་ཉེས་བྱས་འབྱུང་ལ། སྨྲས་པ་བདེན་ཏེ་དམ་བཅའ་དེ་ལས་མ་འདས་ན་མནའ་མ་ཟོས་པ་ཡིན་ཀྱང་། སྟོན་པ་སངས་རྒྱས་སྤངས་ནས་མུ་སྟེགས་པར་འགྱུར་བ་དང་། ཚངས་པར་སྤྱོད་པ་སྤངས་ན་དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་བ་ཡིན་པས་འདིའི་རིགས་པས་མཚུངས་པའི་ཕྱིར། མདོར་ན་མནའ་དོར་བ་ཉིད་བསླབ་པའི་ཉེས་བྱས་ཡིན་ནོ། །ཞེས་གསུངས་སོ། །དགེ་སློང་མས་མནའ་དོར་ན་ལྟུང་བྱེད་དུ་འགྱུར་ཏེ། དགེ་སློང་མའི་ལྟུང་བྱེད་འབའ་ཞིག་བརྒྱ་བརྒྱད་ཅུའི་བཅུ་ཚན་བཅུ་དྲུག་པ་ལས། ཆོས་དང་སྐྲོད་པ་རྣམ་གཉིས་དང་། །གླེང་དང་མནའ་འདོར་རྡེག་པ་དང་། །ཞེས་གསུངས་པའི་ཕྱིར་རོ། །མནའ་བསྐྱལ་ན་དགག་བྱ་གང་ཡོད་དམ་ཞེ་ན། ངས་མནའ་སྐྱེལ་དུས་མ་གཏོགས་སྐད་ཆ་བཤད་ཚད་ཐམས་ཅད་བདེན་པ་མ་ཡིན་ཞེས་པ་ལྟ་བུའི་དོན་དུ་གོ་བར་འགྱུར་བས། ཤུགས་ཀྱིས་རང་ཉིད་རྫུན་པར་འགྲུབ་པའི་དགག་བྱ་ཡོད་དེ། ཊཱིཀ་ལས། ཁོ་བོ་དོན་ཐམས་ཅད་ལ་བདེན་པར་ཞུགས་པ་མ་ཡིན་ཏེ། གང་ལ་མནའ་དོར་བ་དེ་དག་ལ་མནའི་དབང་གིས་ཁོ་བོ་བདེན་པར་ཞུགས་པ་ཡིན་ནོ། །ཞེས་བསྒྲགས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །