6747

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་མར་འཛིན་པ
Tibetan Definition (དབུ་མ) <ཙི་ཏྲ་ཀཱ་ར> 1 ཡུལ་གྱི་སྤུ་རིས་སམ་ཁྱད་པར་སོ་སོར་འབྱེད་པའི་སེམས་བྱུང་ཞིག་ལ་ཟེར། ལེགས་སྦྱར་གྱི་ཙི་ཏྲ་ཀཱ་ར་ཞེས་པའི་ཙི་ཏྲ་ནི་རི་མོ་དང་། ཀཱ་ར་ནི་བྱེད་པ་སྟེ་རི་མོ་བྱེད་པ་སྟེ་རི་མོ་མཁན་གྱི་མིང་དུ་གྲགས་ཆེ་མོད། །མཚན་མར་འཛིན་པ་ལའང་བསྒྱུར་རོ། །ཚིག་འདིའི་ཐད་ཀའི་དོན་ནི། བཀྲ་བར་འཛིན་པའམ། གསལ་བར་འཛིན་པས་ན། མཚན་མར་འཛིན་པ་ཟེར་རོ། །རྗེའི་ལམ་རིམ་ཆེན་མོ་ལས། མཚན་མར་འཛིན་པ་ནི་བདེན་འཛིན་མ་ཡིན་གྱི། ཡུལ་གྱི་སྤུ་རིས་འབྱེད་པའོ། །ཞེས་གསུངས། དབྱིག་གཉེན་གྱི་མཛོད་རང་འགྲེལ་ལས། འདུ་ཤེས་ནི། མཚན་མར་འཛིན་པའི་བདག་ཉིད་དོ། །གང་སྔོན་པོ་དང༌། སེར་པོ་དང༌། རིང་པོ་དང༌། ཐུང་དུ་དང༌། ཕོ་དང༌། མོ་དང༌། མཛའ་བཤེས་དང༌། མཛའ་བཤེས་མ་ཡིན་པ་དང༌། བདེ་བ་དང༌། སྡུག་བསྔལ་བ་ལ་སོགས་པའི་རང་བཞིན་གྱི་ཁྱད་པར་ལ་མཚན་མར་འཛིན་པ་དེ་ནི་འདུ་ཤེས་ཀྱི་ཕུང་པོའོ། །ཞེས་གསུངས་སོ། །སྒྲ་བཤད་ནི། མཚན་མར་འཛིན་པ་ཞེས་པའི་མཚན་མའི་སྐད་དོད་ནི། ཅི་ཏྲ་ चित्र ་ཞེས་པ་དེ་ཡིན་ལ། དེ་ནི་བཀྲ་བ་དང་། བཀྲག་མདངས། འོད་འཚེར་བ། གསལ་བ། རི་མོ། གཟུགས་བརྙན། བཀྲ་ཤིས། སྣ་ཚོགས། ཚོན་རྩི་སོགས་ལ་འཇུག་པར་M. Monier Williams གྱི་ལེགས་སྦྱར་གྱི་ཚིག་མཛོད་རྣམས་སུ་བཤད་པས། འདིར་གསལ་བ་ལ་འཇུག་པའི་དབང་དུ་བྱས་ནས། གསལ་བར་འཛིན་པས་ན་མཚན་མར་འཛིན་པ་ཟེར་ཞིང་། དེའི་དོན་ཡང་། ཡུལ་གྱི་ཁྱད་པར་གསལ་བར་ཕྱེ་ནས་འཛིན་པས་ན། མཚན་མར་འཛིན་པ་ཞེས་བརྗོད་དོ། །ཡང་ན། ཡུལ་གྱི་རི་མོའམ་གཟུགས་བརྙན་གསལ་བར་འཛིན་པས་ན་དེ་སྐད་ཅེས་བྱའོ། །2 བདེན་འཛིན། རྗེའི་ལམ་རིམ་ཆེན་མོ་ལས། བཤེས་གཉེན་ལ་མ་གུས་པ་ནས་བདག་གཉིས་སུ་མཚན་མར་འཛིན་པའི་བར་གྱི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་མྱུར་དུ་འགག་པ་དང༌། ཞེས་གསུངས་པ་ལྟར་རོ། །མཚན་འཛིན་ལ་གཟིགས། སྒྲ་བཤད་ནི། མཚན་མ་སྟེ་ཕྱིན་ཅི་ལོག་ཏུ་འཛིན་པས་ན་དེ་སྐད་ཅེས་བྱ་སྟེ། མདོ་སྡུད་པ་༼ ཤེར་ཚོགས་ཀ་པ ༽༢བ༡ལས། ཕུང་འདི་སྟོང་ཞེས་རྟོག་ན་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་པའི་ཐད་ཀྱི་སྡུད་པ་ཚིགས་སུ་བཅད་པའི་དཀའ་འགྲེལ་༼ ཉ ༽༡༢༧བ༡ལས། མཚན་མ་ལ་ཞེས་བྱ་བ་ནི་མཚན་མ་ལ་སྟེ། ཕྱིན་ཅི་ལོག་ལ་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་པ་ལྟར་རོ། །3 ཆགས་ཡུལ་མངོན་སུམ་དུ་མཐོང་ནས་དེའི་རྣམ་པ་གསལ་པོར་ཡིད་ལ་བྱེད་པ་ལྟ་བུ་ལ་ཟེར། རྗེའི་ལམ་རིམ་ཆེན་མོ་༤༢ན༡ལས། མཚན་མར་འཛིན་པ་ནི། བལྟ་བར་མི་བྱ་བའི་གཟུགས་ལ་སོགས་པ་ཡུལ་དུ་བྱས་པའམ་ཡུལ་སྣང་བ་རྣམས་དེ་དག་འབྱུང་བ་ཡིད་ལ་བྱེད་པ་མངོན་སུམ་དུ་བྱས་ནས་མཐོང་བའོ། །