6788

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚོ་ཊཱིཀ
Tibetan Definition (འདུལ་བ) ཀུན་མཁྱེན་མཚོ་སྣ་བས་མཛད་པའི་འདུལ་བའི་ཊཱི་ཀ་ཞིག འདི་ལ་ཡོངས་གྲགས་སུ་མཚོ་ཊཱིཀ་ཞེས་བརྗོད་ལ། མཚན་དངོས་ནི། འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱའོ། །དགེ་ལྡན་པའི་གདན་ས་ཆེན་པོ་རྣམས་སུ་འདུལ་བའི་གཞུང་ལ་སློབ་གཉེར་མཛད་སའི་གཞུང་གཙོ་བོ་ནི་མཚོ་ཊཱིཀ་ཡིན་ལ། དེའི་ཞར་དུ་འདུལ་ཊཱིཀ་འཕྲེང་བར་ཡང་སློབ་གཉེར་མཛད་སྲོལ་ཡོད་དོ། །བོད་ཀྱི་འདུལ་བའི་ཊཱི་ཀ་ཞིག་ལ་མཚོ་ཊཱིཀ་འདི་ལས་རྒྱ་ཆེ་ལ་གསལ་ཞིང་སྤུས་དག་པ་ཞིག་ཡོད་སྐད་མི་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་རྗེ་ཙོང་ཁ་པ་ཆེན་པོས་ཀྱང་འདུལ་བ་མདོ་རྩའི་ཊཱི་ཀ་ལོགས་སུ་མ་མཛད་པ་ཡིན་ཞེས་བཤད་སྲོལ་ཡོད་དོ། །སེར་བྱེས་མཁས་སྙན་གྲྭ་ཚང་གི་ལྷ་རམས་འཛིན་གྲྭར་ལོ་གཅིག་ལ་མཚོ་ཊཱིཀ་དང་མཆིམས་མཛོད་གཉིས་ཆ་ཚང་ཞིག་འགྲོ་ཐུབ་པ་དགོས་ཤིང་། དེ་ཡང་ལོ་འཁོར་དགེ་བཤེས་རྣམས་ནས་རེ་མོས་ཀྱིས་འདུལ་བ་རྩོད་པའི་སྐབས་ཡིན་ན་ཉིན་དེའི་སྐྱོར་རེས་སུ་ཡིན་ཀྱང་འཛིན་གྲྭའི་ནང་ཡར་བཞེངས་ཏེ་རྩོད་པའི་མཚམས་གང་དུ་སླེབས་ཡོད་ཀྱང་། དེའི་ཐད་ནས་མཚོ་ཊཱིཀ་ཤོག་བུ་བཅུ་ནས་བཅོ་ལྔའི་བར་བློ་ཐོག་ནས་བསྐྱར་དགོས། དེ་ནས་ས་བཅད་བསྒྲིག དེ་ནས་གཞུང་གི་ཐད་ཀའི་ཚིག་དོན་ལ་གོ་བ་ལོན་ཐབས། དེ་ནས་གྲང་འདྲེན། མཐར་གཞུང་ལ་དོགས་གཅོད་གནང་བའི་སྔར་སྲོལ་ད་ལྟ་ཡང་མ་ཉམས་པར་ཡོད་དོ། །འདུལ་བ་རྩོད་པའི་སྐབས་མཚོ་ཊཱིཀ་ལས་གཞན་གྲྭ་ཚང་སོ་སོའི་ཡིག་ཆ་གཙོ་བོར་མི་མཛད་པ་མ་ཟད་ཕལ་ཆེར་བལྟ་ཀློག་ཙམ་བྱེད་མཁན་ཉུང་། མཛོད་རྩོད་སྐབས་ངོས་ནས་པཎ་ཆེན་དགེ་འདུན་གྲུབ་པའི་མཛོད་ཊཱིཀ་ཐར་ལམ་གསལ་བྱེད་བལྟ་ཀློག་བྱེད་སྐབས་རྒན་རིན་པོ་ཆེ་ཐུབ་བསྟན་བཀྲིས་ལགས་ནས་བཀའ་བཀྱོན་ཞིག་ཀྱང་ཕེབས་མྱོང་། དེ་ཡིག་ཆ་རྩ་བ་མི་ཆེ་བས་མིན་ཡང་མཆིམས་མཛོད་དང་མཚོ་ཊཱིཀ་དེ་བས་ཀྱང་གལ་འགངས་ཆེ་བས་ཡིན་ནོ། །མཚོ་ཊཱིཀ་དང་མཆིམས་མཛོད་དུ་མི་གསལ་བ་ཞིག་གཞན་དུ་གསལ་བ་ཡང་ཧ་ཅང་དཀོན་ནོ། །