From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཚོ་མ་དྲོས་པ
|
Tibetan Definition
|
(མཛོད) <ཨནབཏསྟ> ནང་པ་དང་ཧིན་དུ་གཉིས་ཀས་རྩ་ཆེར་འཛིན་པའི་སྤུ་ཧྲེང་རྫོང་གི་མཚོ་མ་ཕམ་པའམ། མ་ཕམ་གཡུ་མཚོ། མངོན་པའི་གཞུང་དུ་མཚོ་མ་དྲོས་པ་ཞེས་ཟེར་བ། རྒྱ་གར་གྱིས་ (Manasarowar) ཟེར། མཚོ་མ་དྲོས་པ། མཚོ་མ་ཕམ་པ། མ་ཕམ་གཡུ་མཚོ་རྣམས་དོན་གཅིག ཞིབ་པར་མཚོ་མ་ཕམ་ལ་གཟིགས། མཛོད་ལས། འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའོ་དེ་ནས་ནི། །སྤོས་ངད་ལྡང་བའི་ཚུ་རོལ་ན། །ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །ཞེས་གསུངས། དེའི་ཐད་ཀྱི་མཆིམས་མཛོད་ལས། འཛམ་བུའི་གླིང་འདི་ཉིད་ནས་གླིང་འདི་ཉིད་ཀྱི་བྱང་དུ་རི་ནག་པོ་གསུམ་ཡོད་དོ། །དེ་ནས་བྱང་ན་ཡང་རི་ནག་པོ་གསུམ་ཡོད་དོ། །དེ་ནས་ཡང་བྱང་ན་རི་ནག་པོ་གསུམ་སྟེ་དགུ་འདས་པའི་ཕ་རོལ་ན་གངས་རི་དཔལ་ (གངས་ཏེ་སེ) དང་ལྡན་པའོ། །གངས་རི་དེ་འདས་ནས་ནི་ (བྱང་ངོས་ན) སྤོས་ཀྱི་ངད་ལྡང་བའི་རི་ཡོད་དོ། །གངས་རིའི་ཕ་རོལ་སྤོས་ཀྱི་ངད་ལྡང་བའི་ཚུར་རོལ་དཔག་ཚད་བཅུ་ན་ཀླུའི་རྒྱལ་པོ་མ་དྲོས་པའི་གནས་ཟབས་དང་ཆུ་དང་ཞེང་དུ་དཔག་ཚད་ལྔ་བཅུ་ལྔ་བཅུ་ཡོད་ (པ་ཀླུ་མ་དྲོས) པའི་ (གནས) མཚོ་མ་དྲོས་པ་ཞེས་བྱ་བ་མཐའ་སྐོར་དུ་དཔག་ཚད་ཉིས་བརྒྱས་འཁོར་བའི་གྲུ་བཞི་པ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ། མེ་ཏོག་ཨུཏྤལ་དང་པདྨ་དང་ཀུ་མུ་ཏ་དང་པདྨ་དཀར་པོས་ཁེབས་པ་ཡོད་དེ། དེའི་ནང་ནས་གངྒཱ་ལ་སོགས་པ་ཆུ་བོ་ཆེན་པོ་བཞི་རེ་རེའང་ཆུ་བྲན་ (ཆུ་ཕྲན་དང་འདྲ) ལྔ་བརྒྱ་ལྔ་བརྒྱ་དང་བཅས་པ་མཚོ་མ་དྲོས་པ་ལ་གཡས་ཕྱོགས་སུ་བསྐོར་ནས་ཤར་ཕྱོགས་བྲག་གླང་པོའི་ཁ་དང་། ལྷོ་ཕྱོགས་ཁྱུ་མཆོག་གི་ཁ་དང་། ནུབ་ཕྱོགས་རྟའི་ཁ་དང་། བྱང་ཕྱོགས་སེངྒེའི་ཁ་ལྟ་བུ་ལས་བབས་ཏེ་རིམ་པ་ལྟར་ཤར་ལྷོ་ནུབ་བྱང་གི་རྒྱ་མཚོར་འགྲོ་སྟེ། གདགས་པ་ལས། ཆུ་ཀླུང་གངྒཱ་སིནྡྷུ་པཀྵུ་དང་། །སཱི་ཏཱ་དབའ་རླབས་དབུ་བའི་ཕྲེང་བ་ཅན། །འབབ་ཅིང་ཐམས་ཅད་བསིལ་བའི་ཆུ་ཡིན་ཏེ། །ཕྱོགས་བཞི་ཁོ་ར་ཁོར་ཡུག་དག་ནས་འབྱུང་། །གངྒཱ་ཤར་ཕྱོགས་རྒྱ་མཚོར་འགྲོ་བ་སྟེ། །སིནྡྷུ་ལྷོ་ཕྱོགས་རྒྱ་མཚོར་འགྲོ་བ་ཡིན། །པཀྵུ་ཡང་ནི་ནུབ་ཕྱོགས་རྒྱ་མཚོར་འགྲོ། །དེ་ཡིབྱང་ཕྱོགས་རྒྱ་མཚོར་སཱི་ཏཱ་འགྲོ། །ཆུ་ཀླུང་རབ་མཆོག་བཞི་པོ་འདི་དག་ནི། །མཆོག་ཏུ་བཟང་ཞིང་སོ་སོར་འབབ་པ་སྟེ། །རེ་རེ་ཞིང་ཡང་ལྔ་བརྒྱ་ཁྱེར་ནས་ནི། །ཆུ་ཡི་རྒྱུན་རྣམས་རྒྱ་མཚོ་ཆེན་པོར་འགྲོ། །ཞེས་འབྱུང་ངོ་། །འགྲེལ་པ་ལས། དེར་ནི་རྫུ་འཕྲུལ་དང་མི་ལྡན་པའི་མིས་བགྲོད་པར་དཀའོ། །ཞེས་བཤད་ལ། ལུང་སྨན་གྱི་གཞི་ལས་ཀྱང་། གནོད་སྦྱིན་གཏུམ་པོ་མི་བཟད་གནས་པ་ཡིད་འོང་ཞིང་། །མེ་ཏོག་སྣ་ཚོགས་ཤིང་གིས་རྣམ་པར་མཛེས་བྱས་པས། །དེ་ལས་རྒྱ་མཚོ་དུག་ཅན་དག་ཏུ་འགྲོ་བ་ཡིན། །ཆུ་བོ་བཞི་པོ་འདི་དག་པྱོགས་བཞིར་འབབ། །གངྒཱ་སིནྡྷུ་དེ་བཞིན་པཀྵུ་དང་། །སཱི་ཏཱ་དེ་ལ་རྫུ་འཕྲུལ་སྟོབས་ཐོབ་པ། །མ་གཏོགས་མི་རྣམས་ཀྱིས་ནི་མི་བགྲོད་པ། །དེར་ནི་ཐོབ་པ་དགེ་འདུན་བཅས་པ་བཞུགས། །ཞེས་གསུངས་སོ། །ཞེས་གསུངས། སྒྲ་བཤད་ནི། ཆུ་བསིལ་བས་གང་བར་གནས་པས་ཚ་བ་མེད་པའམ་མ་དྲོས་པ་ཞེས་བྱ་བའམ། ཡང་ན་མཆིམས་མཛོད་ལྟར། ཀླུའི་རྒྱལ་པོ་མ་དྲོས་པའི་གནས་ཡིན་པའི་ཕྱིར་མ་དྲོས་པ་ཞེས་བྱའོ། །བློན་པོ་བཀའི་ཐང་ཡིག་ཤོག་གྲངས་༣༩༠ལས་ཀྱང་། རྡོ་རྗེ་གདན་ནས་བྱང་ཕྱོགས་བཅལ་བ་ན༔ རི་ནག་དགུ་འདས་ཕ་རོལ་གངས་ཏེ་སེ༔ གངས་རིའི་བྱང་ངོས་རི་བོ་སྤོས་ངད་ལྡན༔ དེ་གཉིས་བར་ན་མ་དྲོས་མཚོ་ཞེས་ཡོད༔ ཞེས་སོགས་གསུངས་སོ། །ལོ་རྒྱུས་སྨྲ་བའི་མཁས་པ་མང་པོས། མཚོ་མ་དྲོས་པ་དང་མ་ཕམ་གཉིས་དོན་གཅིག་ཏུ་བཤད་ཀྱང་། མདོ་དྲན་པ་ཉེར་གཞག་༼ ཤ་པ ༽༢༡༩ན༧ལས། ཇི་ལྟར་འཛམ་བུ་གླིང་གི་མ་དྲོས་པ་དང་། མ་ཕམ་དང་མཚོ་ཆེན་པོ་གཉིས་བཞིན་ནོ། །ཞེས་མཚོ་མ་དྲོས་དང་མཚོ་མ་ཕམ་པ་གཉིས་ཐ་དད་དུ་གསུངས་པའི་ཕྱིར་རོ། །མཚོ་མ་དྲོས་པའི་སྐོར་རྒྱས་པ་མཚོ་མ་ཕམ་ལ་གཟིགས།
|