6804

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཛད་པ་བཅུ་གཉིས
Tibetan Definition (ཕར་ཕྱིན) མཆོག་གི་སྤྲུལ་སྐུའི་མཛད་པ་གཙོ་བོ་ཆེ་བ་རྣམས་བསྡུ་ན་བཅུ་གཉིས་སུ་འདུ་ལ། མཛད་པ་བཅུ་གཉིས་ཀྱི་གྲངས་འདྲེན་ལ་འདོད་ཚུལ་མི་འདྲ་བ་ཡོད་ཀྱང་། རྒྱལ་ཚབ་དར་མ་རིན་ཆེན་གྱི་རྒྱུད་བླ་དར་ཊཱིཀ་ཏུ་གཉིས་གསུངས་ཏེ། 1 བཤད་ཚུལ་དང་པོ་ནི། ༡ དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ། ༢ ཡུམ་གྱི་ལྷུམས་སུ་འཇུག་པའི་མཛད་པ། ༣ སྐུ་བལྟམས་པའི་མཛད་པ། ༤ བཟོའི་གནས་ལ་མཁས་པའི་མཛད་པ། (འདི་ལ་གཞོན་ནུ་རོལ་རྩེད་ཀྱི་མཛད་པ་ཡང་ཟེར) ༥ བཙུན་མོའི་འཁོར་གྱིས་རོལ་པའི་མཛད་པ། ༦ རབ་ཏུ་བྱུང་བའི་མཛད་པ། (འདི་ལ་ངེས་པར་འབྱུང་བའི་མཛད་པ་ཡང་ཟེར) ༧ དཀའ་བ་སྤྱོད་པའི་མཛད་པ། ༨ བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ། (འདི་རྡོ་རྗེ་གདན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པའམ་ཕེབས་པའི་མཛད་པ) ༩ བདུད་བཏུལ་བའི་མཛད་པ། ༡༠ སངས་རྒྱས་པའི་མཛད་པ། ༡༡ ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ། ༡༢ མྱ་ངན་ལས་འདས་པའི་མཛད་པ་དང་བཅུ་གཉིས་སོ། །རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །༡དགའ་ལྡན་གནས་ནས་འཕོ་བ་དང་། །༢ལྷུམས་སུ་ཞུགས་དང་༣བལྟམས་པ་དང་། །༤བཟོ་པའི་གནས་ལ་མཁས་པ་དང་། །༥བཙུན་མོའི་འཁོར་དགྱེས་རོལ་པ་དང་། །༦ངེས་འབྱུང་༧དཀའ་བ་སྤྱོད་པ་དང་། །༨བྱང་ཆུབ་སྙིང་པོར་གཤེགས་པ་དང་། །༩བདུད་སྡེ་བཅོམ་དང་༡༠རྫོགས་པར་ནི། །བྱང་ཆུབ་༡༡ཆོས་ཀྱི་འཁོར་ལོ་དང་། །༡༢མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས། རྒྱུད་བླ་དར་ཊཱིཀ་ལས། དེ་ནས་མཛད་པ་བཅུ་གཉིས་ཀྱི་དང་པོ་དགའ་ལྡན་གྱི་གནས་ནས་ནི་འཛམ་བུའི་གླིང་དུ་འཕོ་བ་དང༌། གཉིས་པ་ཡུམ་གྱི་ལྷུམས་སུ་འཇུག་པ་དང༌། གསུམ་པ་སྐུ་བལྟམས་པ་དང༌། བཞི་པ་བཟོའི་གནས་སོགས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་མཁས་པ་དང༌། ལྔ་པ་བཙུན་མོའི་འཁོར་གྱིས་དགྱེས་པར་རོལ་བ་དང༌། དྲུག་པ་ཁབ་ནས་བྱུང་སྟེ་རང་བྱུང་གི་བསྙེན་རྫོགས་ཀྱིས་ངེས་པར་འབྱུང་བ་དང༌། བདུན་པ་ཆུ་བོ་ནཻ་ར་ཉྫཱ་ནའི་འགྲམ་དུ་ལོ་དྲུག་དཀའ་བ་སྤྱོད་པ་དང༌། བརྒྱད་པ་རྡོ་རྗེའི་གདན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པ་བྱང་ཆུབ་སྙིང་པོར་གཤེགས་པ་དང༌། དགུ་པ་བདུད་ཀྱི་སྡེ་མ་ལུས་པ་འཇོམས་པར་མཛད་པ་དང༌། བཅུ་པ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་ནི་བྱང་ཆུབ་པ་དང༌། བཅུ་གཅིག་པ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བར་མཛད་པ་དང༌། བཅུ་གཉིས་པ་གྲོང་ཁྱེར་རྩྭ་མཆོག་ཏུ་ཤིང་ས་ལ་ཟུང་ཅིག་གི་དྲུང་དུ་མྱ་ངན་ལས་འདས་པར་གཤེགས་པའི་མཛད་པ་རྣམས་སྟོན་པར་མཛད་དོ། །དགའ་ལྡན་དུ་སྐྱེ་བ་དང་པོར་བྱེད་ན། ལྷུམས་སུ་ཞུགས་པ་དང་བལྟམས་པ་གཅིག་ཏུ་བྱའོ། །ཞེས་གསུངས་པ་ལྟར་རོ། །2 བཤད་ཚུལ་གཉིས་པ་ནི། རྒྱུད་བླ་དར་ཊཱིཀ་ལས། དགའ་ལྡན་དུ་སྐྱེ་བ་དང་པོར་བྱེད་ན། ལྷུམས་སུ་ཞུགས་པ་དང་བལྟམས་པ་གཅིག་ཏུ་བྱའོ། །ཞེས་གསུངས་པ་ལྟར། ༡ སྐྱེ་བ་མངོན་པར་སྐྱེ་བའི་མཛད་པ། ༢ དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ། ༣ ཡུམ་གྱི་ལྷུམས་སུ་ཞུགས་ཤིང་སྐུ་བལྟམས་པའི་མཛད་པ། ༤ བཟོ་བོའི་གནས་ལ་མཁས་པའི་མཛད་པ། (འདི་ལ་གཞོན་ནུ་རོལ་རྩེད་ཀྱི་མཛད་པ་ཡང་ཟེར) ༥ བཙུན་མོའི་འཁོར་གྱི་རོལ་པའི་མཛད་པ། ༦ ངེས་པར་འབྱུང་བའི་མཛད་པ། (ཡོངས་གྲགས་སུ་རབ་ཏུ་བྱུང་བའི་མཛད་པ་ཟེར) ༧ དཀའ་བ་སྤྱད་པའི་མཛད་པ། ༨ བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ། (འདི་རྡོ་རྗེ་གདན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པའི་མཛད་པ་ཡིན) ༩ བདུད་བཏུལ་བའི་མཛད་པ། ༡༠ སངས་རྒྱས་པའི་མཛད་པ། ༡༡ ཆོས་འཁོར་བསྐོར་བའི་མཛད་པ། ༡༢ མྱ་ངན་ལས་འདས་པའི་མཛད་པ་དང་བཅུ་གཉིས་སོ། །3 སེ་ར་རྗེ་བཙུན་པའི་སྐབས་བརྒྱད་པའི་སྤྱི་དོན་རོལ་མཚོ་ལྟར་བྲིས་ན། ༡ སྐྱེ་བ་མངོན་པར་སྐྱེ་བའི་མཛད་པ། ༢ དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ། ༣ ཡུམ་གྱི་ལྷུམས་སུ་ཞུགས་པའི་མཛད་པ། ༤ སྐུ་བལྟམས་པའི་མཛད་པ། ༥ བཟོ་བོའི་གནས་ལ་མཁས་པའི་མཛད་པ། (འདི་ལ་གཞོན་ནུ་རོལ་རྩེད་ཀྱི་མཛད་པ་ཡང་ཟེར) ༦ བཙུན་མོའི་འཁོར་གྱི་རོལ་པའི་མཛད་པ། ༧ ངེས་པར་འབྱུང་བའི་མཛད་པ། (ཡོངས་གྲགས་སུ་རབ་ཏུ་བྱུང་བའི་མཛད་པ་ཟེར) ༨ དཀའ་བ་སྤྱད་པའི་མཛད་པ། ༩ བྱང་ཆུབ་སྙིང་པོར་གཤེགས་ཏེ་བདུད་བཏུལ་བའི་མཛད་པ། ༡༠ སངས་རྒྱས་པའི་མཛད་པ། ༡༡ ཆོས་འཁོར་བསྐོར་བའི་མཛད་པ། ༡༢ མྱ་ངན་ལས་འདས་པའི་མཛད་པ་དང་བཅུ་གཉིས་སོ། །སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གསུང་ཚུལ་འདི་རྒྱུད་བླ་དར་ཊཱིཀ་ཀྱི་གསུང་ཚུལ་ཕྱི་མའི་རྗེས་སུ་འབྲངས་པ་ཡིན་མོད། ཚིག་རིས་ཅུང་ཟད་མི་འདྲ་བ་ཡོད་དོ། །