6824

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཛོད་སྤུ
Tibetan Definition <ཨཱུརྞཱ་ཀོ་ཤཱ> མཛོད་སྤུ་ནི། སྨིན་མཚམས་ཀྱི་ཐིག་ལེའི་གནས་ན་སྤུ་མཉེན་ཞིང་འཇམ་ལ་ཁ་དོག་དཀར་ཞིང་སྣུམ་པ། འཐེན་ན་ཁྲུ་གང་ངམ་དོའམ་གསུམ་ལ་སོགས་པར་རིང་པོར་འབྱུང་ལ། བཏང་ན་གཡས་སུ་འཁྱིལ་བ་རྩེ་མོ་གྱེན་དུ་ཕྱོགས་ཤིང་། ཆེ་ཆུང་ཤིང་ཏོག་སྐྱུ་རུ་ར་ཙམ་པ་ལ་དབྱིབས་དངུལ་གྱི་སྒོ་ང་འདྲ་བ་ཞིག་གོ དཾཥྚྲཱ་སེས་མཛད་པར་གྲགས་པའི་ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང་། ཉི་ཁྲི་ལྔ་སྟོང་པ་དང་། ཁྲི་བརྒྱད་སྟོང་པའི་རྒྱ་ཆེར་བཤད་པ་བམ་པོ་ཉི་ཤུ་རྩ་བདུན་པ་སྡེ་དགེ་བསྟན་འགྱུར་ཤེར་ཕྱིན་གླེགས་བམ་༼ ཕ་པའི ༽༢༦༨ན༥དང་། ཨ་བྷྱ་ཀ་རའི་ཐུབ་པ་དགོངས་རྒྱན་ལ་གཞི་བྱས་ཏེ་བཀོད་དོ། །ལེགས་སྦྱར་དུ་འདི་ལ་ཨཱུརྞཱ་ཀོ་ཤཱ་ཟེར། བྱེ་བྲག་རྟོགས་བྱེད་ཆེན་པོར་གསལ། མཛོད་སྤུའི་ཁྱད་ཆོས་ནི། རྒྱ་ཆེར་རོལ་པའི་མདོ་ལས། དགེ་སློང་དག དེ་ནས་བྱང་ཆུབ་སེམས་དཔས་དེ་ལྟར་བསམ་ནས་དེའི་ཚེ་སྨིན་མཚམས་ཀྱི་བར་གྱི་མཛོད་སྤུ་ནས་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པར་བྱེད་པ་ཞེས་བྱ་བའི་འོད་ཟེར་གཅིག་ཕྱུང་སྟེ། འོད་ཟེར་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཀྱི་བདུད་ཀྱི་གནས་ཐམས་ཅད་སྣང་བར་བྱས་ནས་མོག་མོག་པོར་བྱས་ཏེ་རབ་ཏུ་གཡོས་པར་བྱས་པར་ཡང་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཀྱང་སྣང་བ་ཆེན་པོས་ཡོངས་སུ་ཁྱབ་པར་གྱུར་ཏོ། །བདུད་སྡིག་ཅན་གྱིས་འོད་དེ་ལས་རྣམ་པ་འདི་ལྟ་བུའི་སྒྲ་འདིའང་ཐོས་སོ། །སེམས་ཅན་ཤིན་ཏུ་དག་པ་བསྐལ་མང་སྤྱོད་སྤྱད་པ། །ཟས་གཙང་སྲས་པོས་རྒྱལ་སྲིད་དག་ནི་རབ་སྤངས་ཏེ། །ཕན་བྱེད་དེ་ནི་བདུད་རྩི་མངོན་པར་འདོད་པས་བྱུང༌། །བྱང་ཆུབ་ཤིང་དྲུང་འོངས་ཀྱི་དེ་རིང་སྒྲིམ་པ་གྱིས། །དེ་ནི་བདག་ཀྱང་རྒལ་ལ་གཞན་ཡང་སྒྲོལ་བར་བྱེད། །དེ་ནི་བདག་ཉིད་གྲོལ་བས་གཞན་ཡང་གྲོལ་བར་བྱེད། །དེ་ནི་བདག་ཀྱང་དབུགས་ཕྱིན་གཞན་དག་དབུགས་ཀྱང་འབྱིན། །ཡོངས་སུ་མྱ་ངན་འདས་ནས་གཞན་དག་མྱ་ངན་ཟློ། །ངན་སོང་གསུམ་པོ་མ་ལུས་སྟོང་པར་བྱེད་པར་འགྱུར། །ལྷ་མི་རྣམས་ཀྱི་གྲོང་ཁྱེར་གང་བར་བྱེད་པར་འགྱུར། །ཕན་པ་བྱེད་པ་དེ་ནི་བདུད་རྩི་ཐོབ་གྱུར་ནས། །བསམ་གཏན་མངོན་ཤེས་བདུད་རྩི་བདེ་མཆོག་སྦྱིན་པར་འགྱུར། །གང་ཚེ་རང་བྱུང་ཉིད་ཀྱིས་ཆོས་ཆར་མངོན་ཕབ་ཚེ། །ནག་པོའི་རྩ་ལག་ཁྱོད་ཀྱི་གྲོང་ཁྱེར་སྟོངས་བྱེད་འགྱུར། །སྟོབས་མེད་པས་ཀྱང་སྟོབས་མེད་འགྱུར་ཏེ་དཔུང་ཉམས་འགྱུར། །ཕྱོགས་ནི་ཕྱོགས་མིན་ཅི་བྱ་གར་འགྲོ་ཤེས་མི་འགྱུར། །དགེ་སློང་དག །དེ་ལྟར་བདུད་སྡིག་ཅན་སྐུལ་བའི་ཚིགས་སུ་བཅད་པ་འདི་དག་གིས་བསྐུལ་ནས་རྨི་ལམ་རྣམ་པ་སུམ་ཅུ་རྩ་གཉིས་རྨིས་སོ། །ཞེས་དང་། ཡང་དེ་ཉིད་ལས། འདི་འདྲའི་མཚན་དང་འདི་འདྲར་ལྟ་བ་དཔལ་ཅན་དང༌། །འདི་འདྲའི་བསོད་ནམས་གཟི་བརྗིད་སྤྱི་གཙུག་མི་མཐོང་དང༌། །མཛོད་སྤུ་ནས་ནི་རྒྱ་ཆེན་འོད་འབྱུང་འདི་འདྲ་ལས། །བདུད་རྣམས་ཕམ་མཛད་བྱང་ཆུབ་བརྙེས་འགྱུར་གདོན་མི་འཚལ། །མུན་སེལ་ཉོན་མོངས་བྲལ་བའི་ཡོན་ཏན་བརྟགས་ནས་སུ། །ཡང་དག་ཡོན་ཏན་ཇི་ལྟར་དོན་མཐོང་དེ་ལ་བསྟོད། །སྐྱེ་དང་རྒ་དང་འཆི་དང་ཉོན་མོངས་དགྲ་བསལ་བའི། །སེམས་ཅན་རིན་ཆེན་འདི་ནི་རིང་པོར་མི་ཐོགས་འབྱུང༌། །ཞེས་གསུངས། ཡང་དེ་ཉིད་ལས། འདི་ཡི་མཛོད་སྤུ་མཛེས་པ་ཡིས། །ཞིང་མང་བྱེ་བ་གསལ་བར་བགྱིད། །ཉི་ཟླ་དག་ཀྱང་ཟིལ་དུ་བརླག །སེམས་ཅན་རྣམས་ལ་སྣང་བར་གྱུར། །ཞེས་གསུངས།