From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས
|
Tibetan Definition
|
གངས་རིའི་ཁྲོད་ཀྱི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ནི་རྒྱ་གར་དུལན་གསུམ། བལ་པོར་ལན་བཞི་བྱོན། པཎ་ཆེན་ནཱ་རོ་པ་དང༌། མངའ་བདག་མཻ་ཏྲི་པ། དཔལ་ཡེ་ཤེས་སྙིང་པོ། གྲུབ་ཆེན་ཞི་བ་བཟང་པོ་ལ་སོགས་པ་མཁས་གྲུབ་ཀྱི་བླ་མ་བརྒྱ་རྩ་བརྒྱད་བསྟེན། རྒྱ་གར་དུ་ཕེབས་ཐེངས་དང་པོར་ལོ་བཅུ་གཉིས། གཉིས་པར་ལོ་དྲུག གསུམ་པར་ལོ་གསུམ་སྟེ་བསྡོམས་མི་ལོ་ཉི་ཤུ་རྩ་གཅིག་གི་རིང་རྒྱ་གར་དུ་སློབ་གཉེར་མཛད། རྒྱ་གར་དུ་ལན་ཕྱི་མ་བྱོན་དུ་ཇོ་བོ་རྗེ་དང་མཇལ་ནས་གདམས་པ་མང་དུ་གསན། དཔལ་གསང་བ་འདུས་པ་ལ་སོགས་པའི་རྣལ་འབྱོར་ཕ་མའི་རྒྱུད་ཕལ་མོ་ཆེའི་རྒྱུད་ཀྱི་བཤད་པ་གདམས་ངག་ལག་ལེན་དང་བཅས་པ་ཞིབ་ཏུ་སྦྱངས། བླ་མ་མར་པ་ལ་གསང་འདུས་ཀྱི་བཤད་སྲོལ་བདུན་ཡོད་པར་གྲགས་ཤིང༌། ནཱ་རོ་པ་ལ་ཁ་ཆེ་ཨ་ཀ་ར་སིདྡྷི་དང་མཉམ་དུ་སྒྲོན་གསལ་བསླབས་སྣང་ནའང་བོད་དུ་སྒྲོན་གསལ་གྱི་བཤད་པ་མ་ཚུགས་ལ། རིམ་ལྔའི་གདམས་ངག་གི་དར་རྒྱས་ཆེ་བར་བྱུང་ངོ༌། །བོད་དུ་བྱོན་ཏེ་བཀའ་བབས་ཀྱི་སློབ་མ་བཞི་ལ་སོགས་པའི་བརྒྱུད་འཛིན་མང་དུ་བྱུང་ཞིང༌། གསང་སྔགས་ཀྱི་འཕྲིན་ལས་ཁྱབ་གདལ་ཤིན་ཏུ་ཆེ་བས་ད་ལྟའི་བར་དུའང་གདམས་ངག་གི་བརྒྱུད་པ་མང་དུ་འཕེལ། ལྟ་སྒོམ་སྤྱོད་པ་དང་རྒྱུད་ཀྱི་བཤད་པ་གང་གི་སྐབས་སུ་ཡང་ནཱ་རོ་མཻ་ཏྲི་གཉིས་ལ་གཙོ་བོར་མཛད་ཅིང༌། གྲུབ་ཆེན་མཻ་ཏྲི་པ་ནི་དབུ་མ་པ་ཡིན་པར་མ་ཟད་དཔལ་ལྡན་ཟླ་བའི་ལུགས་ཁོ་ན་གཙོ་བོར་མཛད་པ་ཞིག་ཡིན་པར། ལྕང་སྐྱ་རོལ་པའི་རྡོ་རྗེས་གསུངས། བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་བཙུགས། གཞན་ཡང༌། རྗེའི་རིམ་ལྔ་གདན་རྫོགས་ལས། བསྐྱེད་པའི་རིམ་པ་ལ་གནས་པ་དེས། རིམ་པ་གཉིས་པ་རྫོགས་པའི་རིམ་པ་ལ་བསླབ་པའི་གྲུབ་ཆེན་གྱི་མན་ངག་མཐར་ཐུག་པ་ནི། རིམ་ལྔ་དང་སྤྱོད་བསྡུས་དང༌། རྣམ་གཞག་གི་ཕྱོགས་གཅིག་དང་ལས་མཐའ་རྣམ་འབྱེད་དང༌། རྒྱུད་འགྲེལ་གྱི་སྦྱོར་བ་ཡན་ལག་དྲུག་དང༌། རྫོགས་རིམ་གྱི་རིམ་ལྔའི་བཤད་པ་མཛད་པ་རྣམས་ཡིན་ནོ། །དེ་ལྟ་ནའང་གཞུང་དེ་རྣམས་ཤིན་ཏུ་བརླིང་བས་ཕྱི་རབས་ཀྱི་གདུལ་བྱས་དེ་རྣམས་ལས་ཤིན་ཏུ་གསལ་བའི་བླ་མ་དམ་པའི་མན་ངག་མེད་ན། མན་ངག་གི་གནད་རྫོགས་པར་མི་རྙེད་པས། འཕགས་ཡུལ་གྱི་མཁས་པ་དུ་མ་ལ་གཏུགས་ནས་ལེགས་པར་མནོས་པའི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱི་མན་ངག་ཤིན་ཏུ་གལ་ཆེའོ། །དེ་ལ་ནི་རྗེ་མར་པ་དང་རྗེ་འགོས་ཀྱི་ལུགས་གཉིས་མཆོག་ཏུ་གྱུར་པ་ཡིན་ལ། འདིའི་མན་ངག་རྒྱུད་དང་འཕགས་སྐོར་གྱི་གཞུང་ལ་ལེགས་པར་གཏུགས་ནས་ངེས་པ་བསྐྱེད་པ་ལ་ནི། རྗེ་འགོས་ནས་བརྒྱུད་པའི་མན་ངག་གི་བཤད་པ་རྣམས་དགོས་ཤིང༌། གཞུང་ནས་དངོས་སུ་ཟིན་པ་ཙམ་དུ་མ་ཟད་ཁོང་ན་གནས་པ་དུ་མ་གསལ་དུ་བཏང་ནས། ད་ལྟ་ར་གྱི་གང་ཟག་གི་ཉམས་སུ་ལེན་པའི་དམིགས་རིམ་ཁྱད་པར་ཅན་མང་པོའི་སྒོ་ནས་ངེས་པ་རྙེད་པ་ལ་ནི། རྗེ་མར་པའི་གདམས་ངག་རྣམས་དགོས་སོ། །རྗེ་མར་པའི་གདམས་ངག་ཕལ་མོ་ཆེ་ལ་རྒྱ་གཞུང་གི་རྩ་ཚིག་རེ་ཡོད་ལ། རིམ་ལྔའི་མན་ངག་གི་རྩ་ཚིག་ནི་རིམ་ལྔ་བསྡུས་པ་གསལ་བ་ཉིད་ཡིན་གྱི་ཁ་གཡར་གཞན་འདུག་པ་ནི་སྤྱོད་བསྡུས་དང་འགལ་བ་ཆེན་པོ་ཡོད་པས་རྣམ་དག་མིན་ནོ། །ཞེས་རྗེ་ཙོང་ཁ་པ་ཆེན་པོས་མར་འགོས་གཉིས་ཤིན་ཏུ་ཡིད་ཆེས་པའི་གནས་སུ་མཛད་དོ། །མཁས་གྲུབ་དེ་ཉིད་དགུང་གྲངས་བརྒྱད་ཅུ་གྱ་བརྒྱད་དུ་ཕེབས་པ་ན་ཞི་བར་གཤེགས་པར་གྲགས། ཀློང་རྡོལ་བླ་མས་དགུང་གྲངས་གྱ་དྲུག་བཞུགས་པར་བཤད ཀློང་རྡོལ་བླ་མས་ལོ་ཉེར་གཅིག་ཙམ་བསྒོམས་ཀྱང་སྐྱེད་ཐོན་པ་མ་བྱུང་བ་ན་རྗེ་མར་པ་ལ་གསོལ་བ་བཏབ་སྟེ་བདག་གཞན་མཉམ་བརྗེའི་བློ་སོགས་ཤུགས་དྲག་ལ་བརྟན་པ་འཁྲུངས་ཚུལ་དམ་པ་དེ་ཉིད་ཀྱི་རང་རྣམ་ལས་གསུངས་པ་འདི་ལྟར། ལོ་ཉེར་གཅིག་བསྒོམས་ཀྱང་སྐྱོ་སེམས་ཙམ། །ཆུང་གཞོན་ནུའི་དུས་ནས་ཡོད་པ་དེ། །ཅུང་དྲག་ཏུ་མ་སོང་སོ་ན་གནས། །སེམས་ཡིད་ཐང་ཆད་པའི་ནམ་ཞིག་དུས། །ཕ་མར་པ་ཡུམ་བཅས་སྒྲུབ་པའི་གནས། །ལྷོ་གྲོ་བོ་ལུང་གི་དགོན་པ་རུ། །རྡོ་ཨ་མོ་ལིང་གའི་ཁྲི་སྟེང་ན། །རྗེ་མར་པ་ལོ་ཙཱའི་སྐུ་བརྙན་ལ། །བློས་གང་ལྕོགས་མཆོད་སྤྲིན་རྒྱ་མཚོ་ཕུལ། །སེམས་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །སྡུག་ཏིལ་འབྲུ་ཙམ་ཡང་མི་འདོད་ཅིང༌། །བདེ་རི་བོ་ཙམ་ཡང་ཆོག་ཤེས་མེད། །བདག་གཞན་གཉིས་ཁྱད་པར་མེད་མཐོང་བས། །བློ་ཤུགས་དྲག་བརྟན་པོ་སྐྱེས་པའི་ཚེ། །ས་ལྡེམ་ལྡེམ་འུར་ཞིང་དགའ་བདེ་སྐྱེས། །ལྟས་ངོ་མཚར་ཆེན་པོ་ཡིན་ནམ་སྙམ། །ཕྱི་སྣང་ཚུལ་བདེན་པར་འདུག་ལགས་ཀྱང༌། །ནང་གནས་ཚུལ་སྟོང་པར་ཤར་བའི་བློ། །དུས་ནམ་ཡང་འགྱུར་ལྡོག་མེད་པ་ནི། །རྡོར་རི་མོ་བྲིས་འདྲ་མཐོང་བ་བྱུང༌། །ཞེས་གསུངས་སོ། །རྗེ་ཙོང་ཁ་པ་ཆེན་པོའི་གསུང་རིམ་ལྔ་གསལ་སྒྲོན་དང་རིམ་ལྔ་གདན་རྫོགས་སོགས་ལ་གཞི་བྱས་ཏེ་བཀོད། འཁྲུངས་འདས་ལོ་ཚིགས། (1012-1097)
|