6863

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཁོམ་པ་བརྒྱད
Tibetan Definition ༡ མཐའ་འཁོབ་ཏུ་སྐྱེ་བ། ༢ དབང་པོ་མ་ཚང་བར་སྐྱེ་བ། ༣ ལོག་ལྟ་ཅན་དུ་སྐྱེ་བ། ༤ སངས་རྒྱས་མི་འབྱུང་བའི་ཡུལ་དུ་སྐྱེ་བ། (བཞི་པོ་འདི་མིའི་མི་ཁོམ་པ་ཡིན) ༥ དུད་འགྲོར་སྐྱེ་བ། ༦ ཡི་དྭགས་སུ་སྐྱེ་བ། ༧ དམྱལ་བར་སྐྱེ་བ། ༨ ལྷ་ཚེ་རིང་པོར་སྐྱེ་བ་དང་བརྒྱད་དོ། ། (བཞི་པོ་འདི་མི་མ་ཡིན་པའི་མི་ཁོམ་པ་ཡིན) མདོ་སྡེ་དྲན་པ་ཉེར་བཞག་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་གསུངས་སོ། །གཞན་ཡང་བཤེས་སྤྲིངས་ལས། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་ཉིད། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང་། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། ཀླ་ཀློར་སྐྱེ་དང་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་དང་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་རྙེད་ནས་ནི། །སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད། །ཅེས་གསུངས་པ་ལྟར་རོ། །རྗེ་ཙོང་ཁ་པ་ཆེན་པོའི་ལམ་རིམ་ཆེན་མོ་ལས། མི་ཁོམ་པ་བརྒྱད་ནི། འཁོར་རྣམ་བཞི་མི་རྒྱུ་བའི་ཡུལ་མཐའ་འཁོབ་པ་དང་། གླེན་ལྐུགས་དང་ཡན་ལག་དང་རྣ་བ་སོགས་མ་ཚང་བའི་དབང་པོ་མ་ཚང་བ་དང་། ཚེ་སྔ་ཕྱི་དང་ལས་འབྲས་དང་དཀོན་མཆོག་གསུམ་མེད་པར་འཛིན་པའི་ལོག་ལྟ་ཅན་དང་། སངས་རྒྱས་འབྱུང་བ་མེད་པའི་རྒྱལ་བའི་བཀའ་མེད་པ་བཞི་ནི་མིའི་མི་ཁོམ་པ་ཡིན་ལ། ངན་སོང་གསུམ་དང་ལྷ་ཚེ་རིང་པོ་ནི་མི་མ་ཡིན་པའི་མི་ཁོམ་པའོ། །ལྷ་ཚེ་རིང་པོ་ནི། བཤེས་སྤྲིངས་འགྲེལ་བར། འདུ་ཤེས་མེད་པ་བ་དང་གཟུགས་མེད་པ་གཉིས་ལ་བཤད་པའི་དང་པོ་ནི། བསམ་གཏན་བཞི་པའི་གནས་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་གྲོང་ལས་དགོན་པའི་ཚུལ་དུ་ཡོད་ལ། ཕྱི་མ་ནི་གཟུགས་མེད་དུ་སྐྱེས་པའི་སོ་སྐྱེའོ། །མི་ཁོམ་པ་བརྒྱད་ཀྱི་གཏམ་ལས། འདོད་པའི་བྱ་བས་རྟག་ཏུ་གཡེངས་པའི་འདོད་ལྷ་ལྷ་ཚེ་རིང་པོར་བཤད་དོ། །ཞེས་གསུངས།