687

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ག་གེ་མོ
Tibetan Definition (འདུལ་བ) གཙོ་བོར་གང་ཟག་ལས་གཞན་པའི་ཆོས་ལ་སྦྱོར་རྒྱུའི་མིང་ཚབ་ཅིག འདུལ་བ་ལུང་གཞི་ལས། རྒྱལ་པོ་ཚངས་སྦྱིན་གྱིས་ཀྱང་སྐྱེད་མོས་ཚལ་ག་གེ་མོ་ཞེས་བྱ་བར་དྲང་སྲོང་དུང་དང་བྲིས་པ་སྤུན་གཉིས་གནས་ཏེ། དེ་ལ་དུང་ནི་མཁན་པོ་བྱེད་དོ། །ཞེས་དང་། ཡང་དེ་ཉིད་ལས། ལྷ་གཅིག་ནས་གཅིག་ཏུ་སྨྲས་ཏེ་ཕྱོགས་ག་གེ་མོ་ཞིག་ན་མཆིས་སོ་ཞེས་གསན་ནས་བདག་ཅག་ལ་བཀའ་སྩལ་པའི་རིགས་སོ། །ཞེས་དང་། ཡང་དེ་ཉིད་ལས། བདག་གིས་དེའི་མ་རི་སུལ་ག་གེ་མོ་ཞེས་བྱ་བ་ན་འདུག་པ་མཐོང་ངོ། །ཞེས་དང་། འདུལ་བ་ལུང་རྣམ་འབྱེད་ལས། འཕགས་པ་བདག་གི་སྡུམ་པ་ཕྱོགས་ག་གེ་མོ་ཞིག་ན་མཆིས་ཀྱིས། ཞེས་གསུངས་པ་ལྟར་རོ། །ཡང་ག་གེ་མོ་གང་ཟག་ལ་སྦྱར་བའང་ཡོད་དེ། འདུལ་བ་ལུང་རྣམ་འབྱེད་ལས། དེད་དཔོན་ག་གེ་མོ་ཞིག་ནའོ། །ཞེས་གསུངས་པ་ལྟར་རོ། །ག་གེ་མོ་དང་། ཆེ་གེ་མོ་གཉིས་ཀྱི་ཁྱད་པར་ནི། ག་གེ་མོ་ནི་གང་ཟག་ལས་གཞན་པའི་ཆོས་ལ་གཙོ་བོར་སྦྱོར་བ་དང་། ཆེ་གེ་མོ་གཙོ་བོར་གང་ཟག་ལ་སྦྱོར་བའི་ཁྱད་པར་རོ། །ཞིབ་པར། ཆེ་གེ་མོ་ཞེས་པའི་ཐད་དུ་གཟིགས། གག་གེ་མོ་ཞེས་བྲིས་པ་ཡོད་དེ། བརྒྱད་སྟོང་པ་ལས། ཕྱོགས་གག་གེ་མོ་ཞིག་དང་ཕྱོགས་ཀྱི་ཆ་གག་གེ་མོ་ཞིག་དང་འཇིག་རྟེན་གྱི་ཁམས་གག་གེ་མོ་ཞིག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞེས་བྱ་བ་དེ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་མང་པོ་དང་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་མང་པོ་དང་། ཞེས་གསུངས་པ་ལྟར་རོ། །