From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| མི་འཇིགས་པ་བཞི
|
| Tibetan Definition
|
རང་དོན་སྤངས་པ་དམ་བཅས་པ་ལ་མི་འཇིགས་པ། རྟོགས་པ་དམ་བཅས་པ་ལ་མི་འཇིགས་པ། གཞན་དོན་སྤང་བྱ་དམ་བཅས་པ་ལ་མི་འཇིགས་པ། གཉེན་པོ་དམ་བཅས་པ་ལ་མི་འཇིགས་པ་དང་བཞིའོ། །མི་འཇིགས་པ་བཞི་པོ་དེ། ཕལ་སྐད་ཀྱི་ལམ་ནས་གོ་བདེ་བར་བཤད་ན། དང་པོ་ནི། ང་ལ་སྐྱོན་གང་ཡང་མེད། གཉིས་པ་ནི། ང་ལ་ཡོན་ཏན་ཡོངས་རྫོགས་ལྡན་ཡོད། གསུམ་པ་ནི། ཁྱེད་ཅག་ཉེས་པ་འདི་དང་འདི་ཞེས་བྱ་བ་བྱེད་རྒྱུ་ཡོད་མ་རེད། བཞི་པ་ནི། ཁྱེད་ཅག་གིས་ཉེས་པ་དེ་དག་མེད་པར་བཟོ་བ་ལ་ཐབས་ལམ་འདི་དང་འདི་ཞེས་བྱ་བ་སྟེན་ཅིག་ཅེས་འཁོར་ཚོགས་རྒྱ་མཚོའི་དབུས་ན་སེངྒེའི་སྒྲ་སྒྲོག་པ་ལ་སུས་ཀྱང་ཁྱེད་ཀྱིས་བཤད་པ་དེ་མ་རེད་ཅེས་སྨྲ་ཕོད་པའི་ཆོས་མཐུན་གྱི་རྒོལ་བ་འབྱུང་བའི་འཇིགས་པ་མེད་པས་ན། མི་འཇིགས་པ་ཟེར་བ་ཡིན་ནོ། །རྒྱལ་ཚབ་ཆོས་རྗེའི་རྣམ་བཤད་སྙིང་པོའི་རྒྱན་ལས། མི་འཇིགས་པ་བཞི་ནི། མི་འཇིགས་པའི་རྣམ་པ་བཞི་ཡོད་དེ། རང་དོན་གྱི་དབང་དུ་བྱས་པ་འཁོར་གྱི་དབུས་སུ། ང་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བདག་ཉིད་ཞལ་གྱིས་འཆེས་པ་ལ་ཆོས་འདི་ཐུགས་སུ་མ་ཆུད་དེ་ཞེས་ཆོས་མཐུན་གྱི་རྒོལ་བ་མེད་པ་རྟོགས་པ་ཕུན་ཚོགས་ལ་མི་འཇིགས་པ་དང༌། གཞན་དོན་གྱི་དབང་དུ་བྱས་ནས་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་བར་ཆད་བྱེད་པ་ཉིད་དུ་བརྗོད་པ་ལ་སྤང་བྱ་འདི་བསྟེན་ཀྱང་བར་ཆད་དུ་མི་འགྱུར་ཞེས་ཆོས་མཐུན་གྱི་རྒོལ་བ་མེད་པ་བར་དུ་གཅོད་པའི་ཆོས་བསྟན་པ་ལ་མི་འཇིགས་པ་དང༌། ཐམས་ཅད་ཤེས་པ་ཉིད་དང༌། ལམ་ཤེས་པ་ཉིད་ལ་སོགས་པའི་ལམ་ཐར་པ་དང༌། ཐམས་ཅད་མཁྱེན་པར་ངེས་པར་འབྱུང་བ་ཉིད་དུ་རབ་ཏུ་བསྟན་པ་ལ། ལམ་འདི་བསྟེན་ཀྱང་ངེས་པར་འབྱུང་བར་བྱེད་མི་ནུས་སོ། །ཞེས་ཆོས་མཐུན་གྱི་རྒོལ་བ་མེད་པ་ངེས་པར་འབྱུང་བའི་ལམ་བསྟན་པ་ལ་མི་འཇིགས་པ་དང༌། རང་དོན་སྤངས་པ་ཕུན་ཚོགས་ལ་མི་འཇིགས་པ་བདག་ཉིད་ཀྱི་ཟག་པ་མ་ལུས་པ་ཟད་པ་ཉིད་དུ་ཞལ་གྱིས་བཞེས་པ་ལ་ཆོས་མཐུན་གྱི་རྒོལ་བ་མེད་པས་བདག་བདེ་བ་ཐོབ་པ་དང༌། བག་ཚ་བ་མེད་པ་དང༌། མི་འཇིགས་པ་ཐོབ་པས་གནས་ཏེ་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོག་པ་དེ་ལྟར་ཡང༌། མདོ་ལས། ཀྱེ་མ་བདག་གིས་ཆོས་འདི་དག་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་བཅས་ནས། འདིར་ང་ལ་ཆོས་འདི་རྣམས་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་བྱ་བར་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དང༌། ཚངས་པའམ། གཞན་སུ་ཡང་རུང་བས་འཇིག་རྟེན་ན་ཆོས་དང་མཐུན་པའི་རྒོལ་བར་འགྱུར་བ་དེ་ལྟ་བུའི་རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཞེས་གསུངས་སོ། །ཞེས་འབྱུང་བ་ལྟར་རོ། །
|