6969

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མིག་གི་དབང་པོ
Tibetan Definition (རྣམ་འགྲེལ) མིག་ཤེས་ཀྱི་དེ་མ་ཐག་རྐྱེན་དང་། དམིགས་རྐྱེན་ལས་གཞན་པའི་རྒྱུ་གང་ཞིག་མིག་ཤེས་གཟུགས་ཁོ་ན་འཛིན་བྱེད་དུ་སྐྱེད་པའི་གཙོ་བོའི་རྒྱུར་གྱུར་པའི་གཟུགས་ཅན་ཤིན་ཏུ་དྭངས་བ་ཞིག་ལ། མིག་གི་དབང་པོ་ཟེར། མིག་གི་དབང་པོ་དང་། མིག་གཉིས་དོན་གཅིག སའི་དངོས་གཞི་༢བ༡ལས། མིག་གང་ཞེ་ན། གང་འབྱུང་བ་ཆེན་པོ་བཞི་པོ་དག་རྒྱུར་བྱས་པ་མིག་གི་རྣམ་པར་ཤེས་པའི་རྟེན་པོ་གཟུགས་དང་བ་སྟེ། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའོ། །ཞེས་གསུངས་སོ། །དེ་ཡང་རྒྱུའི་ཁྱད་པར་རང་རྒྱུ་འབྱུང་བ་ཆེན་པོ་བཞི་ལས་སྐྱེས་པ། བྱེད་ལས་ཀྱི་ཁྱད་པར་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པ། ངོ་བོའི་ཁྱད་པར་ལེ་ལོང་ཤིན་ཏུ་དྭངས་པ་བཞིན་དུ་གཟུགས་བརྙན་སྣ་ཚོགས་འཆར་དུ་རུང་བའི་ནང་གི་གཟུགས་ཅན་ཤིན་ཏུ་དྭངས་ཤིག་གོ། དབྱིབས་ནི་ཟར་མའི་མེ་ཏོག་ལྟ་བུའོ། །མཁས་གྲུབ་ཆོས་རྗེའི་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། དེ་ལ་མིག་གི་དབང་པོའི་ངོ་བོ་ཅི་ཞེ་ན། དེ་མ་ཐག་རྐྱེན་དང་དམིགས་རྐྱེན་ཚང་ཡང་རེས་འགའ་མི་སྐྱེ་བའི་རྟགས་ཀྱིས་དེ་གཉིས་མ་ཡིན་པའི་མིག་ཤེས་ཀྱི་རྒྱུ་ཡོད་པར་གྲུབ་ཅིང་། དེ་ལྟ་བུའི་རྒྱུ་དེས་མིག་ཤེས་གཟུགས་ཁོ་ན་འཛིན་བྱེད་དུ་ངེས་པར་སྐྱེད་པ་ཡིན་ཏེ། མིག་ཤེས་གཟུགས་ཁོ་ནའི་འཛིན་བྱེད་དུ་ངེས་པར་སྐྱེད་པའི་རྒྱུའི་གཙོ་བོ་ཡོད་པར་རིགས་ལ། དེ་ཡང་དེ་མ་ཐག་རྐྱེན་དང་དམིགས་རྐྱེན་ཡིན་པར་མི་འཐད་པའི་ཕྱིར་རོ། །དེས་ན། མིག་ཤེས་ཀྱི་དེ་མ་ཐག་རྐྱེན་དང་། དམིགས་རྐྱེན་ལས་གཞན་པའི་རྒྱུ་མིག་ཤེས་གཟུགས་ཁོ་ན་འཛིན་བྱེད་དུ་སྐྱེད་པའི་གཙོ་བོའི་རྒྱུ་དེ་ལ་མིག་གི་དབང་པོ་ཞེས་བྱ་སྟེ། རང་འབྲས་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་པར་བསྐྱེད་པ་ལ་ལྷག་པར་དབང་བྱེད་པའི་ཕྱིར་རོ། ། དེ་ཉིད་བེམ་པོར་འདོད་པ་ཡིན་ཏེ། ཤེས་པ་ཡིན་ན་རྟོག་པར་མི་འཐད་པས་རྟོག་མེད་དུ་ཁས་ལེན་དགོས་ལ། རྟོག་མེད་ལོག་ཤེས་སུ་མི་འཐད་པས་མངོན་སུམ་ཚད་མར་འདོད་དགོས་ནའང་། དབང་པོ་ཚད་མ་ཡིན་པ་བྱེ་བྲག་སྨྲ་བའི་ཐུན་མོང་མ་ཡིན་པའི་ལུགས་སུ་བཤད་པའི་ཕྱིར་དང་། མདོ་སྡེ་པ་ལ་དབང་པོ་ཚད་མར་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་ཡོད་པར་ཐལ་བའི་ཕྱིར་རོ། །ཆོས་མངོན་པར་འགའ་ཞིག་དབྱིབས་དང་ཁ་དོག་ཟར་མའི་མེ་ཏོག་ལྟ་བུ་ཞེས་སོགས་སུ་འདོད་ཀྱང་། འདིར་ནི་དེ་ལྟར་འདོད་མི་འདོད་བརྟག་པར་དཀའ། །དེས་རྣ་བའི་དབང་པོ་སོགས་ཀྱི་ངོ་བོ་ཡང་མཚན་ཏེ་ཤེས་པར་བྱའོ། །ཞེས་གསུངས། མིག་ཤེས་ཀྱི་དེ་མ་ཐག་རྐྱེན་གྱི་ནུས་པ་ཉམས་ན་མིག་ཤེས་མི་སྐྱེ་བ་ནི། རྗེའི་སྔགས་རིམ་ཆེན་མོ་ལས། གོམས་པ་ཆེ་བས་ལྷའི་རྣལ་འབྱོར་ལ་མཉམ་པར་བཞག་པ་ན་མིག་གི་ཤེས་པ་ལ་སོགས་པའི་སྣང་བ་གཞན་མི་འཆར་བ་ནི། ཡིད་ཀྱི་ཤེས་པ་དོན་དེ་ལ་རྗེས་སུ་ཞུགས་དྲགས་པས་མིག་ལ་སོགས་པའི་ཤེས་པ་སྐྱེ་བའི་དེ་མ་ཐག་རྐྱེན་གྱི་ནུས་པ་ཉམས་པས་དེ་དག་རེ་ཤིག་མ་སྐྱེས་པས་ཁ་དོག་ལ་སོགས་པའི་སྣང་བ་གཞན་མ་ཤར་བ་ཡིན་གྱི་སྣང་བ་དེ་དག་བསྐྱེད་རིམ་གྱིས་བཀག་པ་མིན་ཏེ། རིག་པའི་རྒྱལ་པོས། རྣམ་ཤེས་དོན་གཞན་ཆགས་པ་ཡིས། །ནུས་མེད་དོན་གཞན་མི་འཛིན་ཕྱིར། །ཞེས་གསུངས་པ་བཞིན་ནོ། །ཞེས་གསུངས། གཟུགས་མཐོང་བ་ལ་ཐོག་མར་གཟུགས་དེ་ཉིད་མིག་གི་དབང་པོ་ལ་ཤར་དགོས། དེའི་རྗེས་སུ་མིག་ཤེས་ཀྱིས་མཐོང་དགོས་པ་ནི། དཔེར་ན་མེ་ལོང་ནང་གི་གཟུགས་བརྙན་མཐོང་བ་ལ། ཐོག་མར་མེ་ལོང་ནང་གཟུགས་བརྙན་ཤར་ནས། དེའི་རྗེས་སུ་མིག་ཤེས་ཀྱི་མཐོང་དགོས་པ་བཞིན་ནོ། །