From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| མིག་ཡོར
|
| Tibetan Definition
|
མིག་འཁྲུལ་བར་བྱེད་པའི་འདྲ་བརྙན་ནམ་གཟུགས་བརྙན་ཐམས་ཅད་ལ་ཟེར། ཞིབ་ཏུ་བཤད་ན། 1 ཤོག་བུས་བཟོས་པའི་མར་མེའི་ཁུང་བུ་ལྟ་བུ་ལ་རི་མོ་སྣ་ཚོགས་བྲིས་ཏེ་མཚན་མོ་ནང་དུ་མར་མེ་སྤར་ན་གཟུགས་བརྙན་སྣ་ཚོགས་སུ་སྣང་བ་དེ་ལ། མིག་ཡོར་ཟེར། དེང་སང་གི་གློག་བརྙན་དེ་ཡང་མིག་ཡོར་གྱི་མཚན་གཞིར་བཞག་ནའང་འཐད་དོ། །2 དངོས་པོ་གཅིག་གཉིས་སུ་སྣང་བ་ལྟ་བུ་ལ་ཟེར། 3 ཤིང་སྡོང་དང་ཐོ་ཡོར་སོགས་མི་རུ་འཁྲུལ་བའི་སྐབས་ཀྱི་མིག་ལ་སྣང་བའི་གཟུགས་བརྙན་ལ་ཟེར། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་༼ ཅི ༽༡༥༦བ༤ ལས། ཕུང་པོ་རྣམས་ནི་མིག་ཡོར་ལྟ་བུ་སྟེ་ཞེས་བྱ་བ་ལ། ཤོག་ཤོག་གམ་དར་རམ་རས་ལ་རི་མོ་སྣ་ཚོགས་བྲིས་ནས་བརྒྱངས་ཏེ་ཕུབ་ལ་དེའི་ནང་དུ་མཚན་མོའི་མར་མེ་བུས་ན་གཟུགས་རྣམ་པ་སྣ་ཚོགས་སྣང་བ་ནི་མིག་ཡོར་ཞེས་བྱའོ། །ཡང་ན་སྣང་བརྙན་ཞེས་བྱ་སྟེ། ཁང་པའི་ནང་གི་ཉི་ཟེར་འོད་ལ་བརྟེན་ནས་གཟུགས་གཅིག་དང་གཉིས་ལ་སོགས་པར་སྣང་བའོ། །ཡང་ན་གཞན་གནས་པ་ལས་གཞན་དུ་སྣང་བ་ནི་མིག་ཡོར་ཏེ། དཔེར་ན་སྡོང་པོ་ལས་མི་ལྟ་བུར་འཁྲུལ་པའོ། །ཞེས་གསུངས་སོ། །གཟུགས་བརྙན། སྣང་བརྙན། རྗེའི་འགྲེལ་པ་བཞི་སྦྲགས་ལས། མིག་ཡོར་ཏེ་སྣང་བརྙན་ཞེས་གསུངས། 4 མིའི་ལུས་ཀྱི་གྲིབ་མ། རྗེའི་རིམ་ལྔ་གསལ་སྒྲོན་ལས། མིག་ཡོར་ཏེ་མིའི་གྲིབ་མའི་ལུས་ལྟ་བུ་ཞེས་གསུངས་པ་ལྟར་རོ། །5 སྐྲ་ཤད། བསྟན་དར་ལྷ་རམས་པ་གསུང༌།
|