From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| མིང་གཟུགས
|
| Tibetan Definition
|
མིང་ནི་གཟུགས་ཀྱི་ཕུང་པོ་ལས་གཞན་པའི་ཕུང་པོ་ལྷག་མ་བཞི་ཡིན་ལ་དེ་ལ་མིང་ཞེས་པ་ནི། ལས་ཉོན་གྱིས་བསྒོས་པས་སྐྱེ་བའི་གནས་དེ་དང་དེར་བཀྲི་བས་སམ་དོན་རྣམས་ལ་འདུ་ཤེས་ཀྱི་དབང་གིས་རྒྱུག་པས་ན་མིང་ངོ༌། །གཟུགས་ནི་སྐབས་དེའི་མེར་མེར་པོ་ལ་སོགས་པའོ། །ཞེས་རྗེའི་རྩ་ཤེ་ཊཱིཀ་ཆེན་ན་གསལ། དཔལ་ལྡན་ཟླ་བའི་ཚིག་གསལ་ལས་ཀྱང༌། ཚོར་བ་ལ་སོགས་པ་གཟུགས་མ་ཡིན་པའི་ཕུང་པོ་བཞི་ནི་སྲིད་པ་དེ་དང་དེར་གཞོལ་བས་ན་མིང་ངོ༌། །ཞེས་གསུངས། ཡང་འགའ་ཞིག་གིས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་བཞི་ནི་མིང་ཙམ་གྱི་སྒོ་ནས་བློ་ཡུལ་དུ་གཟུང་དགོས་ཀྱི་གཟུགས་རགས་པ་ལྟར་བློ་ཡུལ་དུ་གཟུང་དུ་མེད་པས་མིང་ཞེས་བཏགས་པ་ཡིན་ཟེར། རྣམ་བཤད་རིགས་པ་༼ བསྟན་འགྱུར་ཤི་པ་༨༤ན་༢ ༽ནང་དུའང་མིང་གཟུགས་ཀྱི་སྐོར་ཟུར་ཙམ་གསལ་ལོ། །དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་མདོ་༼ ས ༽༡༧༢བ༧ལས། མིང་དང་གཟུགས་གང་ཞེ་ན། མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་སྟེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟེ། འདི་ནི་མིང་ངོ་། །གཟུགས་གང་ཞེ་ན། གཟུགས་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་པོ་དག་སྟེ། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་སུ། །ཞེས་གསུངས་སོ། །
|