From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ༀ་ཨ་ར་པ་ཙ་ན་དྷཱིཿ
|
Tibetan Definition
|
(ལེགས་སྦྱར) རྗེ་བཙུན་འཇམ་པའི་དབྱངས་ཀྱི་གཟུངས་སྔགས། དེའི་དོན་ནི། འགྲོ་བ་སྨིན་པར་བྱེད་པའི་བློ་ཅན་ལའོ། །ཞེས་པའི་དོན་ཡིན་པར་སྣར་ཐང་ལོ་ཙཱ་བའི་སྔགས་ཀྱི་བཀླག་ཐབས་སུ་གསུངས། སྒྲ་པ་དག་གིས་བཤད་ཚུལ་ལྟར་ན། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཐའ་དག་ལ་འཇུག་པའི་ཆོས་སྒོ་ཞེས་བྱ་བའི་དོན་ཡིན་པར་བཤད། འབུམ་དང་ཉི་ཁྲི་ལྟར་ན། མ་སྐྱེས་ཤིང་རྡུལ་དང་བྲལ་བ། དོན་དམ་པར་འཆི་འཕོ་མེད་ལ། མིང་མེད་ཅིང་མིང་དང་བྲལ་བ་ཞེས་པའི་དོན་ཡིན་པར་གསུངས་ཏེ། ས་པཎ་གྱི་འཇམ་དཔལ་གྱི་བསྟོད་པའི་རྣམ་བཤད་ལས། ཡི་གེ་ལྔ་ནི་ཆོས་རྣམས་ཀུན་གྱི་སྒོ་ཞེས་པ་ནི། ཨ་ར་པ་ཙ་ན་ཞེས་པའི་དོན་ཏེ། འདི་ལ་སྒྲའི་བཤད་པ་མདོ་རྒྱུད་དག་ལས་བསམ་གྱིས་མི་ཁྱབ་པ་ཅིག་གསུངས་ལ། སྒྲ་པ་དག་གིས་བཤད་ན་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཐའ་དག་ལ་འཇུག་པའི་ཆོས་སྒོར་འགྱུར་རོ་ཞེས་གསུང་ཡང་། འདིར་འབུམ་དང་ཉི་ཁྲི་ལ་སོགས་པ་ནས་འབྱུང་བ་ལྟར་བཤད་ན། ཨ། “ཨ་ནུཏྤན” ནི་མ་སྐྱེས་པ། ར། “བི་ར་ཛ” ནི་རྡུལ་དང་བྲལ་བ། པ། “པར་མ་ཨརྠ” ནི་དོན་དམ་པ། ཙ། “ཨ་ཙཱུ་ཏ” ནི་འཆི་འཕོ་མེད་པ། ན། “ནཱ་མ་ཅི་ག་ཏ” ནི་མིང་མེད་ཅིང་མིང་དང་བྲལ་བ་སྟེ། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཀྱི་སྒོའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །གཞན་ཡང་རྒྱུད་དག་ལས། ཨ། “ཨ་ནཱཏྨ” ནི་བདག་མེད་པ། ར། རཱ་ག་ནི་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ལ། གཞན་ལས་ཀྱང་བཤད་ཚུལ་དུ་མ་ཞིག་འབྱུང་མོད་ཀྱི་མ་བྲིས་སོ། །བློ་མཆོག་ཡི་གེ་གཅིག་པ་ནི་ལེགས་པར་སྦྱར་བ་ལས་བློ་ལ་དྷཱི་ཞེས་ཟེར་བས་སོ། །ཞེས་གསུངས་སོ། །དམིགས་པ་བྱ་ཚུལ་ནི། རང་གི་མིད་པའི་ནང་དུ་དྷཱིཿཡིག་ཅིག་དང་། སྙིང་ཁར་དྷཱིཿཡིག་ཅིག་གསལ་བཏབ་ལ། དེ་ནས་དབུགས་ཐེངས་གཅིག་ལ་ཨ་ར་པ་ཙ་ཕྲེང་སྐོར་གཅིག་བཟླ་བར་བྱའོ། །སྔགས་ཟློ་བའི་ཚེ་མིད་པའི་ནང་གི་དྷཱི་ཡིག་ལས་དྷཱི་ཡིག་མར་ཁུ་འཛག་པའམ་མར་ཁུ་ཐིགས་པ་རྒྱག་པ་ལྟར་མང་པོ་འབྱུང་སྟེ། སྙིང་གའི་དབུས་ཀྱི་དྷཱི་ཡིག་འོད་འཕྲོ་བ་དེ་ལ་ཐིམ། དེས་རྐྱེན་བྱས་ཏེ་སྙིང་གའི་དྷཱི་ཡིག་ལས་འོད་དཔག་ཏུ་མེད་པ་འཕྲོས་ཏེ། མི་ཤེས་པའི་མུན་པ་བསལ་ཅིང་མི་བརྗེད་པའི་གཟུངས་ཁྱད་པར་ཅན་ཐོབ་སོང་སྙམ་དུ་བསམ། དེ་ནས་མཐར་མཇུག་ཏུ་དྷཱི་ཞེས་བརྗོད་པའི་ཚེ། མིད་པའི་ནང་གི་དྷཱི་དེ་ཉིད་སྙིང་གའི་དྷཱི་ཡིག་ལ་ཐིམ་སོང་སྙམ་པའི་མོས་པ་བྱའོ། །འདི་༸གོང་ས་༸སྐྱབས་མགོན་ཆེན་པོས་ཕྱི་ལོ་༢༠༠༧-༦-༡ཉིན་དྷ་སྟེང་བོད་ཁྱིམ་སློབ་གྲྭར་ཕྱོགས་འདུས་ཀྱི་གཞོན་སྐྱེས་སྟོང་ཕྲག་ལྔ་ལྷག་ཙམ་ལ་ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་བཀའ་དྲིན་ཆེ་སྐབས་ཀྱི་ཟིན་བྲིས་སུ་བཏབ་པའོ། །དེ་དུས་སྐུ་རྩེད་གནང་སྟེ། དབུགས་ཐེངས་གཅིག་ལ་སྔགས་བཟླ་དགོས་ཙང་རྟུག་དྲི་མ་ཤོར་བ་བྱེད་ཤོག་ཨང་། ཞེས་གསུངས་ཏེ་ཐམས་ཅད་བཞད་གད་ལིང་ངེར་གྱུར་ཏོ། །སྔགས་དེ་བགྲངས་པའི་ཕན་ཡོན་ནི། མགོན་པ་གང་ཉིད་ནས་ཆུང་དུས་ནས་ཨ་ར་པ་ཙ་ཡང་ཡང་བཟླས་པ་ཡིན། རིག་པ་ཏན་ཏན་ཡག་ཏུ་འགྲོ་གི་ཡོད་པའི་བཟོ་འདུག་གསུངས། ཡང་རྗེ་ཙོང་ཁ་པ་ཆེན་པོའི་བླ་མའི་གཙོ་བོ་བླ་མ་དབུ་མ་དེ་ཉིད་སྐུ་གཞོན་ནུའི་དུས་སུ་ཁོང་པའི་ནང་ནས་ཨ་ར་པ་ཙ་ནའི་སྒྲ་དྲག་པོ་བརྒྱུད་མར་འབྱུང་བའི་ལོ་རྒྱུས་ཡ་མཚན་པ་ཞིག་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ན་གསལ།
|