From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མིང་ཚིག་ཡི་གེ་གསུམ
|
Tibetan Definition
|
(བརྡ་སྤྲོད) དོན་གྱི་ངོ་བོ་བརྗོད་པས་མིང་། ཁྱད་པར་སྟོན་པས་ཚིག དེ་གཉིས་ཀྱི་གཞིར་གྱུར་པའམ་ཆ་ཤས་ཡིན་པས་ཡི་གེ་ཞེས་བྱ་སྟེ། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས། དོན་གྱི་ངོ་བོ་བརྗོད་པ་མིང་། །དེ་ཡི་ཁྱད་པར་སྟོན་པ་ཚིག །གང་ཡང་མི་སྟོན་ཡི་གེའོ། །ཞེས་གསུངས། མཆིམས་མཛོད་དེབ་གཟུགས་༡༨༡ལས་ཀྱང་། མིང་ནི་དོན་གྱི་ངོ་བོ་རྗོད་པར་བྱེད་པ་སྟེ་གཟུགས་ཞེས་པ་ལྟ་བུའོ། །ངག་ནི་ཚིག་སྟེ་དོན་གྱི་ཁྱད་པར་སྟོན་པ་ཀྱེ་མ་འདུས་བྱས་རྣམས་མི་རྟག་ཅེས་བྱ་བ་ལ་སོགས་པའོ། །ཡི་གེ་ནི་མིང་དང་ཚིག་གི་གཞིར་གྱུར་པའམ་ཆ་ཤས་ཏེ་ཀ་ལ་སོགས་པའོ། །ཡི་གེའི་ངེས་ཚིག་ནི་ཨཀྵ་ར་ཞེས་བྱ་བ་མི་འགྱུར་བ་སྟེ། བརྡའི་དབང་གིས་རྣམ་གྲངས་གཞན་དུ་མི་འགྱུར་བའི་ཕྱིར་ཏེ་ཀ་ཞེས་བྱ་བའི་ཡི་གེ་ནི་བརྡ་མི་མཐུན་པའི་སྐྱེ་བོ་དུ་མ་ལ་འགྱུར་བ་མེད་པ་བཞིན་ནོ། །མིང་དང་ཚིག་ནི་བརྡའི་དབང་གིས་གཞན་དང་གཞན་དུ་འགྱུར་ཏེ་ལྟོ་ལྡིར་བ་ལ་སོགས་པ་ལ་བུམ་པ་དང་གྷ་ཊ་ལ་སོགས་པའོ། །ཞེས་གསུངས་པ་ལྟར་རོ། །མིང་ཚིག་གི་དོགས་གཅོད་ཞིབ་པར་སི་ཏུ་འགྲེལ་ཆེན་གྱི་མཇུག་ཏུ་བལྟ་བར་བྱའོ། །
|