719

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གང་ཟག
Tibetan Definition 1 སྲོག་ལྡན་སྤྱིའི་མིང་། བདག་དང་། སེམས་ཅན། སྲོག གསོ་བ། སྐྱེས་བུ། ཤེད་ལས་སྐྱེས། ཤེད་བུ། བྱེད་པ་པོ། ཚོར་བ་པོ་རྣམས་མིང་གི་རྣམ་གྲངས་ཡིན། སྒྲ་བཤད་ནི། ཤེས་རྒྱུད་ཉོན་མོངས་པས་གང་ཞིང་། རྨ་སྒོ་མཐའ་དག་ནས་ཟག་པས་ན་གང་ཟག ཅེས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་སེར་བྱེས་ཏྲེ་ཧོར་མཁན་ཟུར་བློ་བཟང་དབང་ཕྱུག་རིན་པོ་ཆེ་སོགས་བྱེས་པ་གྲྭ་ཚང་གི་མཁས་པའི་ཞལ་རྒྱུན་དུ་ཡོད། ཡང་། ཤེས་རྒྱུད་ཉོན་མོངས་པས་གང་ཞིང་ཟག་པ་དང་བཅས་པས་ན་གང་ཟག་ཅེས་བྱ། སྒྲ་བཤད་ཕྱི་མ་འདི་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་སྐབས་བརྒྱད་པའི་སྤྱི་དོན་ནང་གསལ། ཡང་། སྐྱེ་གནས་རྣམས་སུ་ཡང་དང་ཡང་དུ་གང་ཞིང་ཟག་པར་བྱེད་པས་དེ་སྐད་ཅེས་བཏགས། འདི་རྒྱལ་ཚབ་ཆོས་རྗེའི་ཀུན་བཏུས་དར་ཊཱིཀ་ལས་གསུངས། བདག་དང་སེམས་ཅན་སོགས་སོ་སོའི་སྒྲ་བཤད་ནི། ཉེར་ལེན་གྱི་ཕུང་པོ་རྣམས་ལ་བདག་དང་བདག་གིར་ལྟ་བས་བདག ཆོས་རྣམས་ཡང་དག་པ་ཇི་ལྟ་བཞིན་མ་ཤེས་པ་དང་དེ་དག་ལ་ཆགས་པས་སེམས་ཅན། ཚེ་དང་ལྷན་ཅིག་གསོན་ཞིང་གནས་པས་སྲོག འབྱུང་བའི་སྲིད་པའི་ལམ་གྱིས་རྒྱས་པར་བྱས་པས་གསོ་བ། སྐྱེས་བུའི་རྩལ་བྱེད་པས་སྐྱེས་བུ། སྐྱེ་གནས་རྣམས་སུ་ཡང་དང་ཡང་དུ་གང་ཞིང་ཟག་པར་བྱེད་པས་གང་ཟག ང་རྒྱལ་ལ་བརྟེན་ནས་མཐོ་དམན་དུ་འགྱུར་བས་ཤེད་བུ། ལས་བྱེད་པ་པོ་ཡིན་པས་བྱེད་པ་པོ། རྣམ་སྨིན་གྱི་ཚོར་བ་མྱོང་བ་པོ་ཡིན་པས་ཚོར་བ་པོ་ཞེས་བྱའོ། །