From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཙཱ་རི
|
Tibetan Definition
|
(ལེགས་སྦྱར) 1 ཙཱ་རི་ཏྲའི་བསྡུས་མིང་ཡིན་པར་སེམས། འདི་ནི་འཁོར་ལོ་བདེ་མཆོག་གི་ཐུན་མོང་མ་ཡིན་པའི་གནས་རི་ཞིག་ཡིན་ཞིང་། རྗེ་ཙོང་ཁ་པ་ཆེན་པོ་དཔོན་སློབ་སུམ་ཅུ་ལྷག་ཙམ་ཡང་ལྷོ་བྲག་མཁན་ཆེན་གྱི་བཀའ་བཞིན་ཙཱ་རི་ལ་བྱོན། གནས་དག་པ་མཁའ་སྤྱོད་དཔལ་གྱི་ཙཱ་རི་ཏྲ། །བཀའ་བརྒྱུད་བླ་མ་རྣམས་དང་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གསོལ་བ་འདེབས། །ལས་ངན་སྡིག་སྒྲིབ་དག་པར་བྱིན་གྱིས་རློབས། །རྐྱེན་ངན་བར་ཆད་ཞི་བར་མཛད་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་ཚིག་རྐང་དང་པོ་གསུམ་མཁའ་འགྲོ་མ་རྣམས་ཀྱིས་གསུངས་ལ། ཚིག་རྐང་གསུམ་པར་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གསོལ་བ་ཐོབ། །ཅེས་པ་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གསོལ་བ་འདེབས། །ཞེས་རྗེ་ཙོང་ཁ་པ་ཆེན་པོས་ཚིག་བསྒྱུར་ཅུང་ཟད་མཛད་དེ་ཚིག་ཕྱི་མ་གསུམ་པོ་འདི་རྗེ་ཉིད་ཀྱིས་མཛད། །ཚིག་རྐང་དྲུག་པོ་དེ་དེང་སང་ཙཱ་རིའི་གནས་སྐོར་བ་རྣམས་ཀྱིས་འུར་འདོན་དུ་བྱེད་པ་ཡང་དེ་དུས་ནས་བྱུང་བ་ཡིན། དེ་སྐབས་ཞབས་བསྙུངས་ནས་ཕུག་པ་ཞིག་ཏུ་བཞུགས་པ་ལ་དེང་སང་ཙོང་ཁ་ཕུག་ཏུ་གྲགས་ཤིང་། དེའི་ནང་རྗེའི་སྣང་བརྙན་ཞིག་ཀྱང་བྲིས་ཏེ་སྣང་ལ། ཞེས་རྗེའི་རྣམ་ཐར་ཆེན་མོར་གསལ་ཞིང་། གཞན་ཡང་འདིའི་ལོ་རྒྱུས་རྒྱས་པར་འབྲུག་པ་པདྨ་དཀར་པོས་མཛད་པའི་གནས་ཆེན་ཙཱ་རི་ཏྲའི་གནས་ཡིག་ངོ་མཚར་སྣང་བ་པད་དཀར་ལེགས་བཤད་ཤོག་གྲངས་༣༥བྱས་པ་ཞིག་གསུང་འབུམ་ང་པའི་ནང་བཞུགས། གནས་མཆོག་འདི་དཔའ་བོ་གཙུག་ལག་ཕྲེང་བས་རང་རྣམ་ཚིགས་བཅད་མ་«རང་གི་རྟོགས་པ་བརྗོད་པ་འཁྲུལ་བའི་བཞིན་རས་འཆར་བའི་མེ་ལོང་ཞེས་བྱ་བ»བརྩམས་པའི་གནས་ཀྱང་ཡིན། 2 ཆོས་རྗེ་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་ནི། ཙཱ་རི་ཏྲ་རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་ཡོད་པར་གསུངས་ཤིང་། བོད་ཀྱི་ཙཱ་རི་ནི་ཙཱ་རི་ཏྲ་མིན་པར་གསུངས་ཏེ། དེ་ཉིད་ལས། ཙཱ་རི་ཏྲ་ཞེས་བྱ་བའི་ཡུལ། །ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་ཡོད། །ཙཱ་རི་ཙཱ་གོང་དེ་མ་ཡིན། །ཞེས་གསལ་བར་གསུངས་པའི་ཕྱིར་རོ། །ཆོས་འབྱུང་མཁས་པའི་དགའ་སྟོན་༡༢༧༡ལས་ཀྱང་། རྒྱ་གར་ལྷོ་ཕྱོགས་སུ་ཡང་ཙཱ་རི་ཏྲ་ཞིག་ཡོད་པར་འདུག་སྙམ་སྟེ་ཤྲཱི་པརྦ་ཏ་ལྷོ་ཕྱོགས་སུ་ཡོད་པ་ཕ་དམ་པ་གྲུབ་ཐོབ་ཕོ་མོའི་རྣམ་ཐར་ལས་གསལ་ཞེས་ཟེར་བ་གསན། ཤྲཱི་པརྦ་ཏ་ནི་དཔལ་གྱི་རི་བོ་ཞེས་བསྒྱུར་ལ་འཛམ་གླིང་ན་དཔལ་གྱི་རི་བཅུ་གཉིས་ཡོད་པར་བཤད་པའི་ལྷོ་དཔལ་གྱི་རི་ཉིད་ལ་དེ་སྐབས་ཀྱི་ཙཱ་རིའི་སྒྲར་བཤད་པར་གོའོ། །ཞེས་གསུངས་སོ། །བོད་ཀྱི་ཙཱ་རི་དེ་རྒྱ་གར་གྱི་ཙཱ་རི་ཏྲ་དངོས་ཡིན་མིན་ཇི་ལྟར་ཡང་། བོད་ཀྱི་གྲུབ་ཐོབ་དུ་མས་ཞབས་ཀྱིས་བཅགས་པའི་གནས་རྩ་ཆེན་ཡིན་པས། གནས་བརྫུས་མ་ཡིན་པ་ལྟ་བུར་ནི་དུས་ནམ་དུའང་གོ་བར་མི་བྱའོ། །
|