7264

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚངས་པའི་དབྱངས
Tibetan Definition <བྲཧྨ་སཱ་ར> གསུང་ཚངས་པའི་དབྱངས་ཞེས་སངས་རྒྱས་ཀྱི་གསུང་གི་ཁྱད་ཆོས་སུ་བྱེད་ཀྱང་། འདི་ནི་ཧིནྡཱུའི་ཆོས་ལུགས་ཀྱི་ཆོས་སྐད་བྲཧྨ་སཱ་ར་ཞེས་པའི་ཐ་སྙད་དེ་ཀ་ནང་པས་ཚུར་བླངས་པར་སེམས་སོ། །དེ་ལ་འགྲེལ་བཤད་བྱེད་ཚུལ་མི་འདྲ་བ་འགའ་ཤས་ཡོད་དེ། 1 ཡུལ་ཐག་རིང་པོའི་བར་ལྷང་ལྷང་གྲགས་པའི་ཆ་ནས་ཚངས་པའི་དབྱངས། 2 ཡང་ན། དུམ་བུ་དུམ་བུར་ཆད་པ་མ་ཡིན་པར་ཡུན་རིང་དུ་ལྷང་ལྷང་གྲགས་པའི་ཆ་ནས་ཚངས་པའི་དབྱངས། 3 ཡང་། ཐག་ཉེ་རིང་ཇི་ལྟར་ཡང་སྒྲ་ཆེ་ཆུང་མཚུངས་པར་གོ་བ་ལ་ཚངས་པའི་དབྱངས་ཞེས་གཡག་པ་ཆོས་རྗེས་གསུངས་ཏེ། དེའི་ཤེར་ཕྱིན་གྱི་འགྲེལ་པར། འཁོར་དུ་གཏོགས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ལ་དམ་པའི་ཆོས་གོ་བར་བྱས་པས་འཇིག་རྟེན་གྱི་ཁམས་མང་པོས་བར་དུ་ཆོད་པ་དང་། གམ་ན་གནས་པའི་སེམས་ཅན་གྱི་རྣ་བའི་དབང་པོའི་ཡུལ་དུ་མཚུངས་པར་གྱུར་པའི་གསུང་མངའ་བའི་ཕྱིར། ཚངས་པའི་དབྱངས་དང་ལྡན་པ་དང་། ཞེས་གསུངས། 4 རྒྱལ་ཚབ་ཆོས་རྗེའི་རྣམ་བཤད་སྙིང་པོའི་རྒྱན་ལས། གསུང་ཤེས་ཤིང་རྣམ་པར་ཤེས་པར་འགྱུར་བ་ (གསུང་ཤེས་ཤིང་ཞེས་པས་ཐོས་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཉིད་ཀྱི་ཕྱིར་ཀུན་ཤེས་པར་བྱེད། རྣམ་པར་ཤེས་པར་འགྱུར་བ་ཞེས་པས་བསམ་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཉིད་ཀྱི་ཕྱིར་རྣམ་པར་རིག་པར་བྱེད་ཅེས་པའོ། །རྗེའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལས། ཀུན་ཤེས་བྱེད་ཅིང་རྣམ་པར་རིག་པར་བྱེད། །ཅེས་གསུངས་པ་ལྟར་རོ) དང་། མཉན་པར་འོས་ཤིང་མི་མཐུན་པ་མེད་པ་དང་། ཟབ་ཅིང་རྗེས་སུ་སྒྲོགས་པ་དང་བཏང་མི་བྲ་ཞིང་རྣར་སྙན་པ་དང་། མ་འཁྲུགས་ཤིང་གསལ་བའི་ཡན་ལག་ལྔ་ལྡན་གྱི་ཚངས་པའི་དབྱངས་ཉིད་དང་ལྡན་ཏེ། གསུང་གཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ལ་རང་རང་གི་སྐད་དང་མཐུན་པར་དམ་པའི་ཆོས་གོ་བར་བྱས་པས་སོ། །ཞེས་གསུངས་སོ། །