7275

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚངས་སྤྱོད
Tibetan Definition <བྲཧྨཙརྱ> (འདུལ་བ) 1 འཁྲིག་སྤྱོད་སྤངས་པའི་སྤྱོད་པ་ལ་ཟེར། སྒྲ་བཤད་ནི། ལྷ་ཚངས་པའི་སྤྱོད་པའམ་དེའི་སྤྱོད་པ་དང་འདྲ་བས་ན་དེ་སྐད་ཅེས་བྱའོ། །འདི་ཧིནྡཱུའི་ཆོས་ལུགས་ཀྱི་ཡོངས་གྲགས་ཀྱི་ཆོས་སྐད་དེ་ནང་པས་ཚུར་བླངས་པ་ཞིག་སྟེ། འཁྲིག་སྤྱོད་སྤངས་པའི་ལྷ་ཚངས་པའི་རྗེས་འབྲང་གི་མུ་སྟེགས་པའི་བརྟུལ་ཞུགས་ལ་ཚངས་སྤྱོད་ཅེས་རླུང་ལྟར་གྲགས་པས་སོ། །རྒྱས་པར་ཚངས་སྤྱོད་ཅན་ལ་གཟིགས། 2 ཚུལ་ཁྲིམས་སམ་སྡོམ་པའི་མིང་། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༥༧བ༦ལས། ཚངས་སྤྱོད་ཅེས་བྱ་བ་ནི་འདིར་ཚུལ་ཁྲིམས་ལ་བྱའོ། །ཞེས་གསུངས་སོ། །སྒྲ་བཤད་ནི། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས་ཀྱང་། ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའི་རྒྱུ་མཚན་སོ་སོར་ཐར་པའི་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པ་ནི་སྤྱོད་པ་ཡིན་ཏེ། ཚངས་པར་སྤྱོད་པ་དང་འགྲོ་བར་བྱེད་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །གཞན་ཡང་། ཚིག་ལེའུར་བྱས་པ་སུམ་བརྒྱ་པའི་རྣམ་པར་བཤད་པ་ལས། ཚངས་པའི་སྒྲ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའི་ཆེད་དུ་སྤྱོད་པ་ནི་ཚངས་པར་སྤྱོད་པ་སྟེ་བསྡུ་བ་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་དང་འདྲའོ། །ཞེས་གསུངས་པ་ལྟར་རོ། །3 དགེ་སྦྱོར། དཔེར་ན་ཚངས་སྤྱོད་འཕེལ་བའི་གནས་བཞི་ཞེས་པ་ལྟ་བུ། 4 བོད་རྒྱ་ཚིག་མཛོད་ཆེན་མོར། དགེ་སློང་གི་མིང་དུའང་བཤད། སྡོམ་པ་དང་སྡོམ་ལྡན་ལ་ཁྱད་པར་ཡོད་པ་བཞིན་དུ། ཚངས་སྤྱོད་དང་ཚངས་སྤྱོད་ཅན་ལའང་ཁྱད་པར་ཕྱེད་པར་བྱའོ། །མང་པོས་ཚངས་སྤྱོད་དང་ཚངས་སྤྱོད་ཅན་གཉིས་ལ་དབྱེ་བསལ་མ་བྱས་པར་ཉ་ཉུང་མཉམ་བསྲེ་བྱས་པར་སྣང་ངོ་། །དོགས་གཅོད་ཚངས་སྤྱོད་ཅན་ལ་གཟིགས།