From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚད་མེད་བཏང་སྙོམས
|
Tibetan Definition
|
(ཕར་ཕྱིན) བཏང་སྙོམས་ཚད་མེད་དང་དོན་འདྲ་སྟེ། དམིགས་ཡུལ་སེམས་ཅན་ཚད་མེད་པ་ལ་དམིགས་ནས་ཆགས་སྡང་གི་བློ་བཏང་སྟེ་དགྲ་གཉེན་ལ་སེམས་སྙོམས་པ་བསྒྲུབ་པའི་བློ་ཞིག་གོ། དེ་ལ་དབྱེ་ན་གཉིས་ཏེ། 1 སེམས་ཅན་རྣམས་ནང་ཕན་ཚུན་ཉེ་རིང་ཆགས་སྡང་མེད་པར་གནས་པའི་རྣམ་པ་ཅན་གྱི་ཚད་མེད་བཏང་སྙོམས་དང་། 2 རང་ཉིད་སེམས་ཅན་ལ་ཆགས་སྡང་དང་བྲལ་ནས་སེམས་སྙོམས་པར་གནས་པའི་ཚད་མེད་བཏང་སྙོམས་གཉིས་སོ། །འདི་བསྒོམ་པའི་རིམ་པ་ནི། ཐོག་མར་བར་མའི་སེམས་ཅན་ལ་སེམས་སྙོམས་པ་བསྒོམ། དེ་ནས་གཉེན་དང་ཉེ་དུ། དེ་ནས་རང་གི་དགྲ། དེ་ནས་སེམས་ཅན་ཐམས་ཅད་ལ་བསྒོམ་པར་བྱའོ། །རྗེའི་ལམ་རིམ་ཆེན་མོ་ལས། དེ་ལའང་སེམས་ཅན་རྣམས་ལ་ཆགས་སྡང་ལ་སོགས་པའི་ཉོན་མོངས་མེད་པ་བསྒྲུབ་པའི་རྣམ་པ་ཅན་ཞིག་དང༌། རང་ཉིད་སེམས་ཅན་ལ་ཆགས་སྡང་དང་བྲལ་ནས་སེམས་སྙོམས་པ་གཉིས་གསུངས་པ་ལས་འདིར་ཕྱི་མའོ། །འདི་བསྒོམ་པའི་གོ་རིམ་ནི་སྐྱེ་སླ་བས་ཐོག་མར་ཕན་ཡང་མ་བཏགས་གནོད་པའང་མ་བྱས་པའི་བར་མ་ཞིག་ལ་དམིགས་རྟེན་བྱས་ནས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་བསལ་ཏེ་སེམས་སྙོམས་པ་བསྒྲུབ་པར་བྱའོ། །དེ་ལ་སེམས་སྙོམས་པ་གྲུབ་ན་དེ་ནས་མཛའ་བཤེས་ལ་སེམས་སྙོམས་པ་བསྒྲུབ་སྟེ་དེ་ལ་སེམས་མ་སྙོམས་པ་ནི་ཆགས་སྡང་གིས་རིས་སུ་གཅོད་པའམ་ཆགས་པ་ཆེ་ཆུང་གིས་མ་སྙོམས་པའོ། །དེ་ལ་སྙོམས་ནས་དགྲ་ལ་སེམས་སྙོམས་པ་བསྒོམ་སྟེ་དེ་ལ་མ་སྙོམས་པ་ནི་མཐའ་གཅིག་ཏུ་མི་མཐུན་པར་བལྟས་ནས་ཞེ་སྡང་བའོ། །དེ་ལ་སྙོམས་ནས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་བསྒོམ་མོ། །ཞེས་གསུངས་སོ། །
|