From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚད་མེད་བཞི
|
Tibetan Definition
|
(ཕར་ཕྱིན) བྱམས་པ་ཚད་མེད། སྙིང་རྗེ་ཚད་མེད། དགའ་བ་ཚད་མེད། བཏང་སྙོམས་ཚད་མེད་དང་བཞིའོ། །དེ་ཡང་གཞན་བདེ་བ་དང་ལྡན་པའམ་གཞན་ལ་ཕན་འདོགས་པའི་བསམ་པ་ནི། བྱམས་པ་ཚད་མེད། གཞན་སྡུག་བསྔལ་དང་འབྲལ་འདོད་ཀྱི་བསམ་པ་ནི། སྙིང་རྗེ་ཚད་མེད། གཞན་བདེ་བ་དང་ལྡན་པ་ལ་དགའ་བ་སྒོམ་པའི་བསམ་པ་ནི། དགའ་བ་ཚད་མེད། གཞན་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་ན་ཅི་མ་རུང་སྙམ་པའི་བསམ་པ་ནི། བཏང་སྙོམས་ཚད་མེད་དང་བཞིའོ། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག (ཅེས་པའི་བྱམས་པ་ཚད་མེད) སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག (འདིས་སྙིང་རྗེ་ཚད་མེད) སེམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག (འདིས་དགའ་བ་ཚད་མེད་སྟོན) སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག (ཚིག་རྐང་ཐ་མས་བཏང་སྙོམས་ཚད་མེད་སྟོན་པའོ། །ཚད་མེད་བཞིའི་ཚིགས་བཅད་འདི། ཡོ་གའི་རྒྱུད་ལས་གསུངས་པར་བཤད་དོ) སྒྲ་བཤད་ནི། དམིགས་པ་སེམས་ཅན་ཚད་མེད་པ་ལ་དམིགས་པ་དང་། ཚོགས་ཚད་མེད་པ་རྫོགས་པ་དང་། (སངས་རྒྱས་ཀྱི་ཆེ་བའི) ཡོན་ཏན་ཚད་མེད་པ་སྐྱེ་བའི་ཕྱིར། ཚད་མེད་ཅེས་བྱའོ།། དེ་ཡང་འདི་ལྟར་སེམས་ཅན་ཚད་མེད་པ་ལ་དམིགས་ནས་བྱམས་སོགས་ཚད་མེད་བཞི་བསྒོམས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་གསོག་ཅིང་། དེ་ལ་བརྟེན་ནས་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཚད་མེད་པ་རྣམས་འཐོབ་པར་འགྱུར་བས་སོ། །རྒྱ་གར་གྱི་སློབ་དཔོན་བུདྡྷ་གུཔྟས་མཛད་པའི་ཚད་མེད་པ་བཞིའི་རྒྱ་ཆེར་འགྲེལ་པ་ལ་གཞི་བྱས་ཏེ་བཀོད། འོ་ན་བྱམས་སོགས་ཚད་མེད་བཞི་ཤུགས་དྲག་བསྒོམ་པའི་གང་ཟག་ལ། བྱམས་པ་བསྒོམ་པས་འདོད་ཆགས། སྙིང་རྗེ་བསྒོམ་པས་མྱ་ངན་གྱིས་ནོན་ནས་སེམས་སྲོ་ཤི་བ། དགེ་བ་བསྒོམ་པས་སེམས་གཡེང་བ། བཏང་སྙོམས་བསྒོམ་པས་སེམས་ཅན་གྱི་དོན་བྱེད་པ་ལས་འདའ་བ་ཡོད་དམ་ཞེ་ན་མེད་དེ། རྗེའི་ལམ་རིམ་ཆེན་མོ་ལས། དེ་བཞིན་དུ་སེམས་ཅན་ཡིད་འོང་དུ་མཐོང་བའི་བྱམས་པ་ཤུགས་དྲག་ཀྱང་འདོད་ཆགས་ཅུང་ཟད་ཀྱང་མི་འདྲེ་བ་དང༌། སེམས་ཅན་གྱི་སྡུག་བསྔལ་ལ་མི་བཟོད་པའི་སྙིང་རྗེ་ཤུགས་དྲག་ལ་རྒྱུན་རིང་བ་ཡོད་ཀྱང་མྱ་ངན་གྱིས་ནོན་ནས་དགེ་བ་ལ་མི་སྤྲོ་བའི་ལེ་ལོ་མེད་པ་དང༌། དགའ་བ་ཚད་མེད་པ་དང་ལྡན་ཡང་སེམས་དམིགས་པ་ལས་གཡེང་བའི་ཡ་ཡ་པོ་མེད་པ་དང༌། བཏང་སྙོམས་ཆེན་པོ་དང་རྒྱུན་དུ་ལྡན་ཡང་འགྲོ་བའི་དོན་ལ་སྐད་ཅིག་ཀྱང་མི་གཡེལ་བ་ནི་ཤེས་རབ་ཀྱིས་བྱེད་དེ། དེ་དག་སྟོབས་མཚུངས་སུ་བསྒྲུབ་པའི་གེགས་ཤེས་རབ་ཀྱིས་འགོག་པའི་ཕྱིར་རོ། །ཞེས་གསུངས་སོ། །
|