From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚན་རིག
|
Tibetan Definition
|
ཚན་རིག་ཅེས་པའི་ཐ་སྙད་འདི་མ་དག་རྒྱུན་འབྱམས་སུ་སོང་བའི་ཚིག་ཅིག་ཡིན། མིང་དངོས་ནི། མཚན་རིག་ཅེས་བྱའོ། །དབྱིན་སྐད་ཀྱི་science“ས་ཨེནསེ”ལ་“གནས་ལུགས་རིག་པ”འམ་“ཆོས་ཉིད་རིག་པ” ཡང་ན་“མཚན་ཉིད་རིག་པ”འམ། “མཚན་རིག”ཅེས་བཏགས་ཡོད་ན་ཤིན་ཏུ་ལེགས་ཏེ། རྒྱུ་མཚན་ནི་ས་པཎ་ཆེན་སྡོམ་གསུམ་རབ་དབྱེ་ལས། དངོས་པོའི་གནས་ལུགས་འཆད་པའམ། །མཚན་ཉིད་གཏན་ལ་འབེབས་པ་ན། །གནས་ལུགས་ཇི་བཞིན་མ་ཡིན་པ། །བཤད་ན་མཁས་རྣམས་ག་ལ་དགའ། །ཞེས་པའི་ཚིགས་བཅད་འདིའི་དོན་ལ་བསམས་ན་ཤེས་ནུས་སོ། །མེ་ཏོག་ཆུང་ངུ་ཞིག་གི་ཡོན་ཏན་ལའང་། །མཚར་དུ་བརྩིས་ནས་ཞིབ་མོར་རྟོག་པ་ལ། །མཚན་རིག་ཅེས་ནི་ཡོངས་སུ་གྲགས་པ་དེའི། །མིང་དོན་ཆ་ལ་ཅུང་ཟད་དཔྱད་པར་བྱ། །ཚན་རིག་ཟེར་བའི་མིང་ཚིག་འདི་ཕྱི་རྒྱལ་བས་science“ས་ཨེནསེ”ཞེས་པ་དེའི་སྐད་དོད་ཡིན་ལ། ཚིག་འདི་ལ་རང་ངོས་ནས་གནས་ལུགས་རིག་པའམ་མཚན་ཉིད་རིག་པའི་གོ་བ་སྟེར་བའི་ནུས་པ་གང་ཡང་མི་སྣང་ལ། ཚན་རིག་ཅེས་པའི་ཚིག་ཟིན་ཙམ་གྱི་གོ་དོན་ནི། སྡེ་ཚན་རིག་པ་ཟེར་བ་དེ་ཙམ་རེད། ཚིག་དེས་དེང་སང་གི་ science ཞེས་པའི་ཚིག་དེའི་གོ་བ་སྟེར་བ་ལ་གང་ཡང་མི་ཕན་ཞིང་། མཚན་རིག་གམ་གནས་ལུགས་རིག་པ་ཅེས་པའི་ཚིག་འདིས་ཡུལ་དངོས་པའི་གནས་ཚུལ་ལ་དཔྱོད་པའི་རིག་གནས་ལྟ་བུ་ཞིག་ཏུ་བདེ་བླག་ཏུ་གོ་ནུས་ལ། ཚིག་རང་ངོས་ནས་ཀྱང་ཁ་གྲག་གོ། བརྡ་སྦྱར་མཁན་པོས་“མཚན་རིག”ལ་བསམས་ཀྱང་ཕྱིས་ཡི་གེར་བཀོད་ཚེ་“ཚན་རིག”ཅེས་བྲིས་ནོར་བྱུང་བར་ངེས་སོ། །ཚན་རིག་གི་གོ་དོན་ལ། བོད་རྒྱ་ཚིག་མཛོད་ཆེན་མོར། རང་བྱུང་ཁམས་དང་། སྤྱི་ཚོགས། བསམ་བློ་སོགས་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་རྣམས་སྡེ་ཚན་སོ་སོར་དབྱེ་ཞིབ་བྱེད་པའི་ཤེས་བྱའི་མ་ལག་ཅེས་འབྱུང་། དག་ཡིག་གསར་བསྒྲིགས་ལས། རང་བྱུང་ཁམས་དང་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་འདུ་ཤེས་སོགས་ཕྱི་རོལ་གྱི་ཆོས་ཉིད་སྟོན་པའི་ཤེས་ཡོན་རྣམས་སྡེ་ཚན་སྡེ་ཚན་དུ་ཕྱེ་བའི་རིག་པའི་གནས་ཀྱི་མིང་། ཞེས་འབྱུང་། དེས་ན་བོད་དག་གཉིས་ཀར་“སྡེ་ཚན”ཞེས་པའི་ཚིག་འདི་བཙན་ཐབས་སུ་བསྣན་པ་ཙམ་ལས་དེ་ལ་གོ་བ་ལྷག་པོ་འབྱིན་པའི་ནུས་པ་གང་ཡང་མི་འདུག་པ། དཔེར་ན་བོད་རྒྱ་ཚིག་མཛོད་ཆེན་མོར། སྡེ་ཚན་ཞེས་པའི་ཚིག་འདི་དོར་ནས། རང་བྱུང་ཁམས་དང་། སྤྱི་ཚོགས། བསམ་བློ་སོགས་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་རྣམས་ལ་དབྱེ་ཞིབ་བྱེད་པའི་ཤེས་བྱའི་མ་ལག་ཅེས་བརྗོད་ནའང་བརྗོད་དོན་རང་སོར་གནས་ཤིང་ཕན་གནོད་གང་ཡང་མི་འདྲེན་པས། སྡེ་ཚན་སྦྱར་བ་ལ་དགོས་པ་ལྷག་པོ་མ་མཐོང་ངོ་། །དབྱིན་སྐད་ཀྱི་མཚན་རིག་གི་འགྲེལ་བཤད་ལའང་སྡེ་ཚན་མི་འདུག་པ་དེས་ཀྱང་གནོད་དོ། །བོད་སྐད་ཀྱི་“ཚན་རིག”ཅེས་པའི་ཐ་སྙད་འདི་དུས་ནམ་གྱི་ཚེ་བྱུང་བ་དང་། བོད་ཕྱི་ནང་གང་དུ་བཟོས་པ། འདི་རྒྱ་མིའམ། རྒྱ་གར། དབྱིན་སྐད་སོགས་སྐད་རིགས་གང་ཞིག་ལ་གཞི་བཅོལ་ནས་བཟོས་པ་སོགས་ལ་དོགས་གཅོད་གནང་དགོས། འདི་ནི་སྐྲ་བྲེགས་ནས་ཚེས་གྲངས་རྟོག་པ་བཞིན་དུ་ཅུང་ཟད་ཕྱིས་དྲགས་པ་ཡིན་མོད། འོན་ཀྱང་ཕྱིན་ཆད་སྤྱི་སྒེར་སུ་ཞིག་གིས་ཀྱང་ཐ་སྙད་གསར་བཟོ་གནང་ཚེ། དྲ་རྒྱ་དང་། བརྙན་འཕྲིན། རླུང་འཕྲིན། གསར་ཤོག་སོགས་བརྒྱུད་ནས་མི་དམངས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་ཚེ་སྤུས་དག་པ་འོང་ངེས་ལགས་སོ། །དེས་མཚན་རིག་ཅེས་བྲི་བར་བྱའོ། །
|