From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚིག་དབང༌
|
Tibetan Definition
|
(གསང་སྔགས) (དགེ་ལུགས) ཟུང་འཇུག་གི་དོན་ཚིག་གིས་ངོ་སྤྲོད་པ་ལ་ཚིག་དབང་ཟེར། དེ་ཡང་དབང་བཞི་པའི་སྐབས་སུ་དབང་གསུམ་པ་དཔེར་བླངས་ཏེ། མཐར་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྤྱོད་རྫོགས་པའི་སྐུ་རང་སྣང་གི་རིག་མ་དང་ཁ་སྦྱོར་བའི་ལུས་ཅན་དང༌། ཐུགས་ལྷན་ཅིག་སྐྱེས་པའི་དགའ་བས་སྟོང་པ་ཉིད་ངེས་པར་ཟུང་དུ་འབྲེལ་བའི་ཁ་སྦྱོར་བདུན་ལྡན་གྱི་སྐུ་མངོན་དུ་བྱས་པ་ཡིན་ནོ་ཞེས་ཚིག་གིས་བརྡ་སྤྲད་པ་ལ་ཟེར། བྱེད་ལས་ནི། བདེན་གཉིས་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་བསྒོམ་པ་ལ་དབང་བ་དང༌། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་གི་གནས་ལུགས་ཇི་ལྟ་བ་བཞིན་མངོན་དུ་འགྱུར་བ་ཡིན་ནོ། །རྗེའི་དབང་དོན་དེ་ཉིད་རབ་གསལ་ལས། དེས་ན་དབང་གསུམ་པ་བསྐུར་བས་མཚོན་པར་མི་ནུས་པ་དབང་བཞི་པ་བསྐུར་ནས་མཚོན་དགོས་པ་ཅིག་གི་སྟེང་ནས་དབང་བཞི་པ་ཤེས་དགོས་སོ། །འདི་ལ་འཕགས་པ་ཡབ་སྲས་ཀྱི་བཞེད་པས། དབང་བཞི་པ་ཚིག་གིས་སྐུར་བ་ན། ཟུང་འཇུག་གི་གདམས་ངག་གི་སྣོད་རུང་དུ་སྒྲུབ་པ་ཡིན་ཞིང་ཟུང་འཇུག་གི་དོན་ལ་ངོ་སྤྲད་དགོས་སོ། །ཞེས་གསུངས། རྗེ་ཙོང་ཁ་པ་ཆེན་པོའི་གསང་འདུས་སྨོན་ལམ་ལས། བཞི་པ་ཟུང་འཇུག་དོན་ལ་ངོ་སྤྲད་པས། །མཐར་ཐུག་དོན་ལ་སྒྲོ་འདོགས་ཆོད་པར་ཤོག ཅེས་གསུངས་པ་ལྟར་རོ། ། (བཀའ་བརྒྱུད) ཚིག་དབང་ནི། དབང་གསུམ་པའི་ཡེ་ཤེས་ཀྱིས་མཚོན་པའི་དོན་གྱི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ལ་ཟེར། མར་མེ་མཛད་ཀྱིས། རླུང་སེམས་ཙམ་ལས་གྲུབ་པའི་རང་ལུས་ལོངས་སྐུའི་རྣམ་པ་ཅན་ཟུང་འཇུག་གི་སྐུ་ལ་བཤད་དོ། །སྒྲ་བཤད་ནི། ཟབ་ཅིང་རྒྱ་ཆེ་བའི་སྐལ་བ་ཅན་ལ་ཚིག་ཙམ་གྱིས་བསྐུར་བའི་དབང་ཡིན་པས་དེ་སྐད་ཅེས་བྱའོ། །བྱེད་ལས་ནི། སྒོ་གསུམ་གའི་དྲི་མའི་བག་ཆགས་འཁྲུད་ཅིང་རྡོ་རྗེ་གསུམ་མམ་སྐུ་གསུམ་དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་ནུས་པ་འཇོག་པའོ། །ཞེས་འབྱུང་བ་ལྟར་རོ། །
|