From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚུལ་ཁྲིམས
|
Tibetan Definition
|
(འདུལ་བ) <ཤཱི་ལ> 1 གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ཡིད་ཕྱིར་ལོག་པའི་སྤོང་སེམས་ནི། ཚུལ་ཁྲིམས་ཀྱི་ངོ་བོ། རྗེའི་ལམ་རིམ་ལྟར་རོ། །ཡང་ན་སྤོང་བའི་སེམས་པ་ཚུལ་ཁྲིམས་ཀྱི་ངོ་བོ། དབྱེ་བ་ནི་གསུམ་སྟེ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང་གསུམ་མོ། །བྱེ་བྲག་ཏུ་སྨྲ་བས་ནི། མཛོད་ལས། འཆལ་པའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །ཞེས་གསུངས་སོ། །སྒྲ་སྦྱོར་བམ་གཉིས་ལས། ཤཱི་ལ་ཞེས་བྱ་བ་ “ཤཱི་ལ་སམཱདྷཽ” ཞེས་འབྱུང་སྟེ། ལེགས་པར་སྤྱོད་པ་ལ་ཞུགས་ཤིང་ཚུལ་ཁྲིམས་དམ་པོར་བསྲུངས་པས་མི་དགེ་བ་སྤངས་པའི་མིང་ལ་བྱ། ཡང་གཅིག་ཏུ་ན་ “ཤཱིཏ་ལཏཱཅིཤཱལ” ཞེས་ཀྱང་བྱ་སྟེ། ཉོན་མོངས་པའི་གདུང་བ་ཞི་ཞིང་བསིལ་བར་གྱུར་པའི་མིང་ཡང་ཡིན་ཏེ། དངོས་སུ་ན་ངང་ཚུལ་གྱིས་མི་དགེ་བ་མི་སྤྱོད་ཅིང་ཁྲིམས་སྲུང་བའི་མིང་སྟེ་ཚུལ་ཁྲིམས་ཞེས་བྱ། ཞེས་གསུངས་སོ། །སཾ་སྐྲྀཏའི་སྐད་དུ། ཤཱི་ལ་ཞེས་པ་སྒྲ་ཐད་སྒྱུར་བྱས་ན་བསིལ་ཐོབ་ཅེས་བྱ་སྟེ། ཁ་ན་མ་ཐོ་བའི་གདུང་བ་ལས་བསིལ་བ་ཐོབ་པས་ན་དེ་སྐད་ཅེས་བྱའོ། །རྗེའི་ལམ་རིམ་བསྡུས་དོན་ལས་ཀྱང་། ཚུལ་ཁྲིམས་ཉེས་སྤྱོད་དྲི་མ་འཁྲུད་པའི་ཆུ། །ཉོན་མོངས་ཚ་གདུང་སེལ་བའི་ཟླ་བའི་འོད། །སྐྱེ་དགུའི་དབུས་ན་ལྷུན་པོ་ལྟ་བུར་བརྗིད། །སྟོབས་ཀྱིས་བསྡིགས་པ་མེད་པར་འགྲོ་ཀུན་འདུད། །དེ་ལྟར་ཤེས་ནས་ཡང་དག་བླངས་པའི་ཁྲིམས། །དམ་པ་རྣམས་ཀྱིས་མིག་བཞིན་བསྲུང་བར་མཛད། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །ཚུལ་ཁྲིམས་ལ་དབྱེ་ན། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ་མོ། །2 སྡོམ་པ་སྤྱིའི་མིང་། སོ་ཐར་གྱི་སྡོམ་པ་ལ་ངེས་འབྱུང་གི་ཚུལ་ཁྲིམས་ཞེས་པ་ལྟ་བུའོ། །བུ་སྟོན་རིན་པོ་ཆེའི་འདུལ་བ་མདོའི་དོན་རྣམ་པར་འབྱེད་པ་འདུལ་བ་རྒྱ་མཚོའི་སྙིང་པོ་རབ་ཏུ་གསལ་བར་བྱེད་པ་༣ན༧ལས། ཆོས་འདི་པ་དག་གི་ཚུལ་ཁྲིམས་ཞེས་བྱ་བ་སྤོང་བ་བདུན་འཁོར་དང་བཅས་པའི་སྡོམ་པའོ།། ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། ཚུལ་ནི་སྤྱོད་པ་དང་ཁྲིམས་ནི་སྡོམ་པའི་དོན་ཡིན་པས། སྤྱོད་པ་མི་དགེ་བའི་ཕྱོགས་སུ་མི་གཏོང་བར་སྡོམ་པས་ན་དེ་སྐད་ཅེས་བྱའོ། །སྒྲ་སྦྱོར་བམ་གཉིས་༼ ཅོ་པ ༽༡༥༤བ༥ལས། དངོས་སུ་ན་ངང་ཚུལ་གྱིས་མི་དགེ་བ་མི་སྤྱོད་ཅིང་ཁྲིམས་སྲུང་བའི་མིང་སྟེ་ཚུལ་ཁྲིམས་ཞེས་བྱ། ཞེས་གསུངས་པ་ལྟར་རོ། །རྗེ་གུང་ཐང་པས་ཀྱང་། རྒྱུད་རྡོ་རྗེ་རྩེ་མོ་ལས། ཚུལ་ཞེས་བྱ་བ་དོན་ཅི་ཡིན། །གང་དུ་དྲི་མ་མེད་གྱུར་པ། །དེ་ནི་དེ་ཡི་ཚུལ་དུ་བརྗོད། །ཅེས་དྲི་མ་ཟད་པའི་མྱང་འདས་ཀྱི་གོ་འཕང་སྒྲུབ་པ་དང་རྗེས་སུ་མཐུན་པའི་སྤྱོད་པ་ལ་ཚུལ་ཞེས་བྱ་སྟེ། མངོན་པ་མཛོད་སོགས་སུ་ཚངས་པའི་ཚུལ་ཞེས་བཤད་པ་དང་དོན་གཅིག་གོ། ཁྲིམས་ནི་རྒྱལ་པོའི་བཀའ་ཁྲིམས་ལས་ཡུལ་གྱི་སྐྱེ་བོ་རྣམས་འདའ་མི་ནུས་པ་བཞིན། ཐར་པ་དོན་དུ་གཉེར་བ་རྣམས་ཚུལ་དེ་ལས་འདར་མི་རུང་བའི་དོན་ནོ། །ཞེས་གསུངས་པ་ལྟར་རོ། །
|