7365

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚུལ་ཁྲིམས་ཀྱི་དྲི་ངད
Tibetan Definition (འདུལ་བ) ཚུལ་ཁྲིམས་ཤིན་ཏུ་གཙང་བའི་སྐྱེས་ཆེན་དམ་པ་འགའ་རེའི་སྐུ་ལུས་དངོས་དང་ན་བཟའ་སོགས་ལས་སྤོས་བཟང་པོ་སྤར་བ་ལྟ་བུའི་དྲི་ཧ་ཅང་ཞིམ་པ་ཞིག་འཐུལ་བ་དེ་ལ། ཚུལ་ཁྲིམས་ཀྱི་དྲི་མ་ཟེར། སྒྲུབ་ཁང་དགེ་ལེགས་རྒྱ་མཚོའི་ (ལམ་རིམ་གྱི་བརྒྱུད་པའི་བླ་མ་ཞིག) སྐུ་ལུས་ཀྱི་ཚུལ་ཁྲིམས་ཀྱི་དྲི་ངད་ཀྱིས་གཟིམ་ཁང་གི་ནང་དང་ཉེ་འཁོར་ཐམས་ཅད་སྤོས་བཟང་པོ་སྤར་བ་ལྟར་མངར་སིང་ངེ་བར་ཡོད་ལ། ཐ་ན་གཟིམ་ཁང་དུ་བཞག་པའི་ཆས་ཀ་དང་ཕྱག་གཡོག་ཚུན་གྱི་གོས་ལའང་ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་བའི་ལོ་རྒྱུས་རྣམ་ཐར་ཡོད། སྐྱེས་བུ་དམ་པ་འགའ་རེའི་སྐུ་ཕུང་ལའང་ཚུལ་ཁྲིམས་ཀྱི་དྲི་ངད་འབྱུང་བ་ཡོད་དེ། སྔོན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་སེར་བྱེས་ཏྲེ་ཧོར་མཁན་ཟུར་རིན་པོ་ཆེ་བློ་བཟང་དབང་ཕྱུག་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་དུས། དམ་པ་དེ་ཉིད་ཀྱི་སྐུ་ཕུང་ལས་ཚུལ་ཁྲིམས་ཀྱི་དྲི་ངད་མངར་སིང་ངེར་འཐུལ་བ་ད་ལྟ་ཡང་ལྷང་ངེར་དྲན། དེ་དུས་གཟིམ་ཤག་ཏུ་སྤོས་སྤར་བ་མིན་ནམ་སྙམ་པའི་ལོག་རྟོག་ཀྱང་ཤར་བྱུང་། དེའི་གནས་ཚུལ་རྣམས་ངེད་ཀྱི་དྲིན་ཅན་རྩ་བའི་བླ་མ་དགེ་བའི་བཤེས་གཉེན་ཆེན་པོ་བཀྲ་ཤིས་འབུམ་ལ་སྙན་གསན་ཞུས་པས། རྒན་རིན་པོ་ཆེས་ཁྱོད་གླེན་པ་སྤོས་སྤར་ན་ཐུགས་དམ་གྲོལ་འོང་ཞེས་གསུང་སྲོལ་ཡོད་པས། སྤོས་གཏན་ནས་མ་རེད་ཅེས་བཀའ་བཀྱོན་ཞིག་ཀྱང་ཕེབས་བྱུང་། གྲྭ་སའི་བླ་རྒན་ཉམ་ཆུང་ཉམས་ལེན་དང་ཚུལ་ཁྲིམས་གཙང་བ་འགའ་རེ་རྒྱ་གར་ཚ་བའི་ལུང་པར་ཟླ་བ་མང་པོའི་བར་ཆབ་མ་བཞེས་ཀྱང་སྐུ་ལུས་ལ་དྲི་ངན་ཡོང་རྒྱུའི་ཚབ་ཏུ་དྲི་མ་མངར་སིང་ངེ་བ་ཞིག་བྲོ་རྒྱུ་ཡོད་པ་དེ། ཚུལ་ཁྲིམས་ཀྱི་དྲི་མ་རྗེས་མཐུན་པ་ཞིག་ཡིན་པར་སྣང་ངོ་། །