7517

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཞི་གནས
Tibetan Definition <ཤ་མ་སྠ> སེམས་རྩེ་གཅིག་པའི་ཏིང་ངེ་འཛིན། སྒྲ་སྦྱོར་བམ་གཉིས་ལས། ཤམ་སྠ་ཞེས་བྱ་བ་ཤམེབསྟིཏིཤམསྠ་ཞེས་བྱ་སྟེ། ཤམ་ནི་ཞི་བ་དང་། སྠ་ནི་གནས་པ་སྟེ། གཟུགས་ལ་སོགས་པ་ཡུལ་གྱིས་སེམས་གཡེང་བ་ཞི་བར་བྱས་ནས་བསམ་གཏན་གང་སྒོམ་པ་དེ་ལ་སེམས་རྩེ་གཅིག་ཏུ་ཁུགས་པའི་མིང་ཡིན་པས་ན་ཞི་གནས་ཞེས་བྱ། ཞེས་གསུངས་པ་ལྟར་རོ། །སློབ་དཔོན་ཀ་མ་ལ་ཤཱི་ལའི་སྒོམ་རིམ་བར་པ་ལས། དེ་ལ་ཐོག་མར་རེ་ཞིག་ཞི་གནས་བསྒྲུབ་པར་བྱ་སྟེ། ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ་ཞི་ནས་ནང་དུ་དམིགས་པ་ལ་རྒྱུན་དུ་རང་གི་ངང་གིས་འཇུག་ལ་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ལ་གནས་པ་ནི་ཞི་གནས་ཞེས་བྱའོ། །ཞི་གནས་དེ་ཉིད་ལ་དམིགས་པའི་ཚེ་དེ་ཁོ་ན་ལ་རྣམ་པར་དཔྱོད་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཡིན་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས་ཇི་སྐད་དུ། ཞི་གནས་ནི་སེམས་རྩེ་གཅིག་པ་ཉིད་དོ། །ལྷག་མཐོང་ནི་ཡང་དག་པར་སོ་སོར་རྟོག་པའོ་ཞེས་གསུངས་པ་ལྟ་བུའོ། །ཞེས་གསུངས་སོ། །སྒྲ་བཤད་ནི། སེམས་ཕྱི་རོལ་གྱི་ཡུལ་ལ་རྒྱུག་པ་ཞི་ནས་ནང་དུ་དམིགས་པ་ལ་རྩེ་གཅིག་ཏུ་གནས་པས་ན་ཞི་གནས་ཞེས་བྱའོ། །ཞི་གནས་ནི་དཔྱད་འཇོག་གི་སྒོམ་གཉིས་ཀྱི་ནང་ནས་འཇོག་སྒོམ་ཡིན། ཡང་ན། ཁྲོ་ཆགས་སོགས་ཞི་ནས་སེམས་ཞི་བར་གནས་པས་ན་ཞི་གནས་ཞེས་འགྲེལ་ཡང་འཐད་པར་སེམས་སོ། །ཕྱི་རྒྱལ་བ་ཚོས། ཞི་གནས་ལ་ལེགས་སྦྱར་དུ་shamatha ཞེས་ཡོངས་སུ་གྲགས་སུ་ཀློག་པར་བྱེད་མོད། འོན་ཀྱང་དཔྱད་པར་བྱ་བ་འདི་ལྟར་ཡོད་དེ། གོང་དུ་བཤད་པ་ལྟར། སྒྲ་སྦྱོར་བམ་གཉིས་ལས། ཤམ་སྠ་ཞེས་པ་ཞི་གནས་ཀྱི་སྐད་དོད་དུ་གསུངས་ལ། དེ་ཀློག་པའི་ཚེ་ shamastha ཞེས་ས་སྒྲ་ཞིག་ཐོན་པར་བཀླག་དགོས། དཔེར་ན་གནས་སམ་ཡུལ་ལ་སྠན་དང་། པ་ཀིསྠན་ཟེར་བ་ལྟ་བུའོ། །shamatha ཞེས་པ་པཱ་ལིའི་སྐད་ཡིན་པས་ས་སྒྲ་ཉམས་པར་སེམས་སོ། །མཁས་གྲུབ་ཆོས་རྗེའི་རྟོགས་པ་དང་ལྡན་པ་དག་ལ་གཏམ་དུ་བྱ་བ་གཟུགས་བརྙན་གསལ་བར་བྱེད་པའི་མེ་ལོང་ཞེས་བྱ་བ་གསུང་ཐོར་བུའི་༤༤བ༥ལས། ཉེས་པ་ལྔ་སྤོང་འདུ་བྱེད་ཡན་ལག་བརྒྱད། །ལེགས་པར་བསྟེན་པའི་ཚུལ་ལ་མི་མཁས་པར། །ཧར་སྒོམ་བྱིང་བ་ལྟེངས་པོའི་རྟོག་མེད་ལ། །སྒོམ་དུ་འཁྲུལ་པ་ཞི་གནས་གཟུགས་བརྙན་ཡིན། །ཞེས་གསུངས་པ་ལྟར་ཞི་གནས་བསྒྲུབ་ཚུལ་མ་འཕྱུགས་པར་བྱའོ། །