7627

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཟག་མེད་ཀྱི་སྡོམ་པ
Tibetan Definition (མཛོད) ཟག་མེད་ཀྱི་དངོས་གཞི་ལ་བརྟེན་ནས་འཆལ་ཚུལ་ཀུན་ནས་བསློང་བའི་ཀུན་སློང་འགོག་པའི་རིགས་སུ་གནས་པའི་སེམས་པ་དེ། ཟག་མེད་ཀྱི་སྡོམ་པའི་མཚན་ཉིད། ཅེས་པཎ་ཆེན་བློ་གྲོས་ལེགས་བཟང་གི་འདུལ་ཊཱིཀ་རིན་ཆེན་ཕྲེང་བའི་དགོངས་རྒྱན་ལས་བཤད། མཛོད་རང་འགྲེལ་ལས། ཟག་མེད་ཀྱི་སྡོམ་པ་ནི་ཟག་པ་མེད་པའི་ཚུལ་ཁྲིམས་ཡིན་ནོ། །ཞེས་གསུངས། མཆིམས་མཛོད་ལས། སེམས་ཀྱི་རྗེས་འབྲང་གི་གཟུགས་ཟག་མེད། ཟག་མེད་ཀྱི་སྡོམ་པའི་མཚན་ཉིད། མཚན་གཞི་ནི། ཟག་མེད་ཀྱི་མཉམ་བཞག་ལས་སྐྱེས་པའི་སྤོང་བདུན་ལྟ་བུ། དེ་གཉིས་ལ་སེམས་ཀྱི་རྗེས་འབྲང་ཞེས་བརྗོད་པའི་རྒྱུ་མཚན་ནི། སེམས་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པས་ན་དེ་སྐད་ཅེས་བརྗོད། སོ་ཐར་གྱི་སྡོམ་པ་ནི་དེ་ལས་ལྡོག་སྟེ་སེམས་གཡེངས་པ་དང་སེམས་མེད་པའི་གནས་སྐབས་སུ་ཡང་འབྱུང་བའི་ཕྱིར། སེམས་ཀྱི་རྗེས་འབྲང་ཞེས་མི་བྱའོ། །ཞེས་གསུངས། ཡང་མཛོད་ཊཱིཀ་ཐར་ལམ་གསལ་བྱེད་ལས། ཟག་མེད་ཀྱི་ཚུལ་ཁྲིམས། ཟག་མེད་ཀྱི་སྡོམ་པའི་མཚན་ཉིད། ཅེས་གསུངས། ཡང་བཤད་ཚུལ་གཞན་ཞིག་ལ། ཟག་མེད་ཀྱི་དངོས་གཞི་ལ་བརྟེན་ནས་འཆལ་ཚུལ་གྱི་ཀུན་སློང་འགོག་པའི་སེམས་ཤིག་ལ། ཟག་མེད་ཀྱི་སྡོམ་པ་ཞེས་བཤད་དོ། །