773

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉན་པོ་གསང་བ
Tibetan Definition བོད་དུ་དམ་པའི་ཆོས་འབྱུང་བའི་སྔ་ལྟས་སུ་བོད་རྒྱལ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་དགུང་ལོ་དྲུག་ཅུར་ (བུ་སྟོན་ཆོས་འབྱུང་དུ་ལོ་དྲུག་ཅུ་དང་གཞན་དུ་བརྒྱད་ཅུ་ཞེས་སྣང) ཕེབས་པའི་ཚེ་ཕོ་བྲང་ཡུམ་བུ་བླ་མཁར་གྱི་སྟེང་དུ་ནམ་མཁའ་ལས་འོད་ཟེར་དང་འགྲོགས་ཏེ་ཟ་མ་ཏོག་ཅིག་བབས་པ་ཁ་ཕྱེ་བའི་ནང་། མདོ་སྡེ་ཟ་མ་ཏོག (མདོ་སྡེ་༼ ཇ་པ ༽༢༠༠ན༣ན་བཞུགས། འདིའི་ཤོག་གྲངས་༢༢༢བ༢ན་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་རྟའི་རྒྱལ་པོ་བ་ལ་ཧ་ཞེས་བྱ་བའི་ལོ་རྒྱུས་ཡོད) སྙིང་པོ་ཡི་གེ་དྲུག་མ། དཔང་སྐོང་ཕྱག་བརྒྱ་པ། (དཔེ་འགའ་ཞིག་ཏུ་སྤང་ཀོང་ཕྱག་བརྒྱ་པ་ཞེས་སྣང་། འདི་སྡེ་དགེ་སྤར་མའི་མདོ་སྡེ་༼ ཡ ༽པའི་དབུ་ནས་ཤོག་ལྡེབས་དྲུག་པའི་བར་བཞུགས་ཤིང་། གཟུངས་བསྡུས་ཀྱི་ནང་དུའང་བཞུགས་སོ། །དེ་ལ་ཤོག་ལྡེབས་དཔེ་རིང་ལྔ་ལྷག་ཙམ་ཞིག་ཡོད། འདི་དཔང་སྐོང་དང་། སྤང་སྐོང་ཞེས་འབྲི་ཚུལ་གཉིས་ལས་འགའ་ཞིག་གིས་སྔ་མ་ཡི་གེ་དག་པར་བཤད། འདིའི་སྐོར་ཞིབ་པར། དཔང་སྐོང་ཕྱག་བརྒྱ་པ་ཞེས་པའི་ཐད་དུ་གཟིགས) གསེར་གྱི་མཆོད་རྟེན་ཁྲུ་གང་བ། ཙིཏྟ་མ་ཎིའི་སཱཙྪའི་བརྐོས་ཕོར། (ཙིཏྟ་མ་ཎིའི་སཱཙྪའི་བརྐོས་ཕོར་བཅུ་གཅིག་ཞལ་ཡིད་བཞིན་ནོར་བུའི་གཟུངས་ཀྱི་བརྐོས་ཕོར་ཞེས་སཱཙྪ་སྤར་འདེབས་བྱེད་ཅིག་ཡིན། ཙིཏྟ་མ་ཎི་ཞེས་པའི་དོན་ནི་ཡིད་བཞིན་ནོར་བུ་ཞེས་པའི་དོན་ཡིན་པར་སྐད་གཉིས་ཤན་སྦྱར་རྣམས་སུ་གསལ།) མུ་དྲའི་ཕྱག་རྒྱ། (ཞེས་པ་ཚད་ཁྲུ་གང་ཙམ་གྱི་ནོར་བུའི་རིགས་ཀྱི་རྡོ་རིགས་ལ་ཡིག་དྲུག་རང་བྱོན་ཡོད་པ་ཞིག) རྣམས་ནམ་མཁའ་ལས་བབས་པ་ཚིག་དོན་མ་ཤེས་ཀྱང་ངོ་མཚར་ཆེ་བར་དགོངས་ཏེ་མཚན་གཉན་པོ་གསང་བ་ཞེས་གསོལ་ནས་མཆོད་དེ་དམ་པའི་ཆོས་ཀྱི་དབུ་བརྙེས་སོ། །རྒྱལ་པོའི་རྨི་ལམ་དུ་མི་རབས་ལྔ་ན་འདིའི་དོན་ཤེས་པ་འབྱུང་ཞེས་ལུང་བསྟན་པ་བཞིན། དེ་ནས་མི་རབས་ལྔ་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་ལ་བློན་པོ་ཐོན་མི་སཾ་བྷོ་ཊ་རྒྱ་གར་དུ་བརྫངས་ཏེ་རིག་གནས་ལ་མཁས་པར་སྦྱངས་ནས། གུཔྟའི་ཡི་གེ་ལ་དཔེ་བྱས་ནས་བོད་ཀྱི་ཡི་གེ་དང་དམ་པའི་ཆོས་ཀྱི་སྲོལ་འབྱེད་པར་མཛད་དོ། །རྒྱལ་པོས་རིན་པོ་ཆེའི་ཁྲི་ལ་བཞག་ནས་མཆོད་པ་ཕུལ་བས། དེའི་ཕན་ཡོན་གྱིས་རྒྱལ་པོ་སླར་གཞོན་ཤ་ཅན་དུ་གྱུར་ནས། དགུང་ལོ་བརྒྱ་དང་ཉི་ཤུ་ཐུབ་ཅེས་གྲགས་སོ། །ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྲས་ཁྲི་གཉན་གཟུང་བཙན་གྱིས། གཉན་པོ་གསང་བ་ལ་མཆོད་པ་བྱས་པས་ཆབ་སྲིད་རྒྱས་པར་བྱུང་བའི་ལོ་རྒྱུས་དང་། དེའི་སྲས་འབྲོང་གཉན་ལྡེ་རུ་བཙན་ཡིན་ལ། དེའི་སྲས་དམུས་ལོང་དཀོན་པ་བཀྲ་ (སྟག་རི་གཉན་གཟིགས) ཞེས་པ་དེས་ཀྱང་། ཡབ་ཀྱི་ཞལ་ཆེམས་ལྟར་གཉན་པོ་གསང་བ་ལ་མཆོད་པ་བྱས་ཏེ། སྨན་པ་བོས་ནས་མིག་ཕྱེ་ཐུབ་པ་བྱུང་ཞིང་། སྐྱིད་ཤོད་སྟག་གི་རི་ལ་རི་དྭགས་གཉན་འགྲོ་བ་གཟིགས་པས་ན། མིང་ཡང་སྟག་རི་གཉན་གཟིགས་ཞེས་གྲགས་སོ། །གཉན་པོ་གསང་བ་བསམ་ཡས་མཆོད་རྟེན་དཀར་པོའི་གཟུངས་སུ་ཕུལ་ཡོད་པར་བཤད་དོ། །