7765

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ
Tibetan Definition སེར་བྱེས་ཨེ་པ་འཁོན་སྟོན་མཁས་པ་དཔལ་འབྱོར་ལྷུན་གྲུབ་ནི། ༸རྒྱལ་མཆོག་ལྔ་པ་ཆེན་པོས་བཀའ་དྲིན་ཆེ་ཤོས་སུ་བརྩི་བའི་བླ་མའི་གཙོ་བོ་ཞིག་ཡིན། དེ་ཡང་༸རྒྱལ་མཆོག་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་གླེགས་བམ་དང་པོ་༡༤༡ལས། ཐོག་མར་ཞལ་ངོའི་བསླབ་སྟོན་དང་བསྟུན་པ་ལས་མོས་པ་ཆེ་བ་མེད་ཀྱང་ཉེ་བར་བརྟགས་ཚེ་བླ་མ་དེ་ཉིན་མཚན་ཆོས་ཀྱིས་འདའ་བའི་མཛད་པ་དང་། གསུང་འཕྲོས་གང་ལ་བརྟགས་ཀྱང་དད་པ་མི་འགྲོ་བའི་རང་དབང་མི་འདུག བསླབ་སྟོན་དང་ཕེབས་སྒོ་མཐའ་དག་ཆོས་ལ་བསྐུལ་བ་ཁོ་ནར་སྣང་བས་སྔོན་ཆད་ཐོས་བསམ་བྱེད་རྒྱུའི་ལུགས་རྣམས་ཀྱང་སྣང་ཤས་ཀྱི་མཁས་འདོད་གྲགས་འདོད་ཁོ་ནར་སོང་བའི་རང་རྒྱུད་ཐ་རྒོད་ལྟར་རེངས་པ་འདི་ནས་བཟུང་ཐར་པ་སྒྲུབ་པའི་ཆོས་ཤིག་བྱེད་དགོས་རྒྱུ་ཡིན་འདུག་སྙམ་པའི་བློ་སྣ་ཅུང་ཟད་ནང་དུ་ཁུགས་པའང་རྗེ་བླ་མ་རྡོ་རྗེ་འཆང་ (རྗེ་ཕ་བོང་ཁ་པའམ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ) འདི་ཉིད་ཀྱི་བཀའ་དྲིན་ཡིན་ནོ། །ཞེས་གསུངས། ཡང་ (༡༥༦) ལས། སྔོན་ཆད་རྟོག་གེ་ཕྱི་ལྟས་ཀྱི་ཤེས་པས་སངས་རྒྱས་ལའང་དག་མི་སྟེར་ཞིང་མིག་ཏུ་སྒོག་ཆུ་སོང་ཡང་མཆི་མ་མི་འཆོར་བ་ཞིག་ཡིན་རུང་འདི་ནས་བཟུང་སྟེ་ཆོས་རྣམ་དག་ཅིག་བྱེད་འདོད་ལྷན་སྐྱེས་སུ་ཤར་ཞིང་ཆོས་ལ་བརྟེན་པའི་སྡིག་པ་གསོག་པའི་འཕྲོ་ཆད་པས་བཀའ་དྲིན་འཁོར་ཐབས་མ་མཆིས། ཞེས་གསུངས། ལྔ་པ་ཆེན་པོས་དམ་པ་དེ་ཉིད་ལས་རྫོགས་ཆེན་གྱིས་གཙོས་པའི་གསང་སྔགས་རྙིང་མའི་ཆོས་འཁོར་སོགས་མང་དུ་གསན། རྣམ་ཐར་དུ་ཀཱུ་ལའི་གོས་བཟང་ནང་། རྗེ་ཕ་བོང་ཁ་པ་ཞེས་ཡང་ཡང་གསུང་བ་ཡང་རྗེ་དེ་ཉིད་ལ་ཞུ་བ་ཡིན། ཁོང་གིས་མཛད་པའི་འཇིགས་བྱེད་ཆོས་འབྱུང་དང་། ཕར་ཕྱིན་གྱི་ཊཱི་ཀ་«འཁོན་སྟོན་འགྲེལ་ཊཱིཀ»ཞེས་བྱ་བ་ཤིན་ཏུ་ལེགས་པ་ཞིག་ཀྱང་ཡོད། འགྲེལ་ཊཱིཀ་འདི་བཞིན་ཁོ་བོའི་རྩ་བའི་བླ་མ་མཚན་བརྗོད་པར་དཀའ་བ་དགེ་བའི་བཤེས་གཉེན་ཆེན་པོ་བཀྲ་ཤིས་འབུམ་གྱི་ཞལ་སྔ་ནས་ཀྱིས་ཡང་ནས་ཡང་དུ་ལུང་འདྲེན་དང་བསྔགས་བརྗོད་མཛད་ཀྱི་ཡོད།