7813

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁོར་ལྔ་སྡེ་བཟང་པོ
Tibetan Definition (འདུལ་བ) སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་ནས་གནས་མཆོག་ཝཱ་རཱ་ཎ་སཱིར་བདེན་བཞིའི་ཆོས་འཁོར་ཐོག་མར་བསྐོར་སའི་གདུལ་བྱ་ལྔ་ནི། ༡ ཀུན་ཤེས་ཀཽཎྜི་ནྱ། ལེགས་སྦྱར་དུ་ཨཱ་ཛྙཱཏ་ཀཽཎྜི་ནྱ་ཟེར། Ajňānata Kauņdinya कौिणङनय (བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ཏེ་ལྔ་སྡེ་ལ་ཆོས་ཀྱི་འཁོར་ལོ་བསྐོར་ནས། ཀུན་ཤེས་ཀཽཎྜི་ནྱས་བདེན་པ་མངོན་སུམ་དུ་རྟོགས་ཏེ་དགྲ་བཅོམ་པའི་ཕོ་འཕང་མངོན་དུ་བྱས་པས། འདི་བཅོམ་ལྡན་འདས་ཀྱི་རྗེས་སུ་ནང་པའི་དགྲ་བཅོམ་པ་ཐམས་ཅད་ཀྱི་ཐོག་མ་དེ་ཡིན་ནོ། །དེ་ཡང་འདུལ་བ་ལུང་གཞི་༼ ང་པ ༽ལས། ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ལྔ་སྡེའི་དགེ་སློང་ལྷག་མ་རྣམས་ལ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེའི་ཚེ་འཇིག་རྟེན་ན་དགྲ་བཅོམ་པ་གཅིག་དང༌། གཉིས་པ་ནི་བཅོམ་ལྡན་འདས་སོ། །དེ་ལ་ཀུན་ཤེས་ཞེས་པའི་རྒྱུ་མཚན་ནི། སྟོན་པས་ཝཱ་རཱ་ཎ་སཱིར་ལྔ་སྡེ་ལ་བདེན་བཞིའི་ཆོས་འཁོར་བསྐོར་ཏེ། ཀུན་ཤེས་ཀཽཎྜི་ནྱས་མཐོང་ལམ་ཐོབ་པ་ན། ཁྱོད་ཀྱིས་ཆོས་ཀུན་ཤེས་སམ་ཞེས་ལན་གསུམ་དྲིས་པས་ཀུན་ཤེས་ཞེས་ལན་སྨྲས་པས་མཚན་དེ་ལྟར་ཐོགས་པར་ལུང་གཞི་ལས་གསུངས་སོ)༢ རྟ་ཐུལ། ལེགས་སྦྱར་དུ་ཨཤྭ་ཛིཏ་ཟེར། Aśvajit अश्वजित ༣ རླངས་པ། ལེགས་སྦྱར་དུ་བཱཤྤ་ཟེར། Vāşpa वाष्प ༤ མིང་ཆེན། ལེགས་སྦྱར་དུ་མཧཱ་ནཱ་མ་ཟེར། Mahānāma महानामा ༥ བཟང་ལྡན། ལེགས་སྦྱར་དུ་བྷདྲཀ་ཟེར། Bhadraka भद्रक དང་ལྔའོ། །འཁོར་ལྔ་སྡེ་བཟང་པོ་དང་འབྲེལ་བའི་ལོ་རྒྱུས། འདུལ་བ་ལུང་གཞི་༼ ང་པ ༽དང་། མདོ་མཛངས་བླུན་གྱི་༼ བཟོད་པའི་ལེའུ ༽མདོ་སྡེ་༼ ཨ ༽༡༥༤ན༢དང་། མདོ་མཛངས་བླུན་གྱི་༼ རྒྱལ་པོ་བྱམས་པའི་སྟོབས་ཀྱི་སྦྱིན་པའི་ལེའུ ༽མདོ་སྡེ་༼ ཨ ༽༡༥༥བ༤ན་བཞུགས་ཤིང་། དྲང་སྲོང་བཟོད་པ་སྨྲ་བའི་སྐྱེས་རབས་སམ་༼ བཟོད་པར་སྐྱེས་པའི་སྐྱེས་རབས ༽ཞེས་བྱ་བ་སྐྱེས་རབས་སོ་བཞི་པར་བཞུགས་པ་རྣམས་ལ་བལྟ་བར་བྱའོ། །