7841

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཁྲུངས་རབས
Tibetan Definition སྐྱེས་རབས་ཀྱི་ཞེ་ས་སྟེ། སྔོན་སྐྱེ་བ་ཇི་ལྟར་བླངས་པའི་ལོ་རྒྱུས། འདི་ལ་ཞོར་འཕྲོས་ཀྱི་རྨོངས་འཆར་འདི་འདྲ་ཞིག་ཡོད་དེ། ས་དགེ་བཀའ་རྙིང་གི་སྐྱེས་ཆེན་དམ་པའི་འཁྲུངས་རབ་ཇི་འདྲ་ཞིག་ལ་བལྟས་ཀྱང་། སྟོན་པ་ཤཱཀྱ་ཐུབ་པ། མགོན་པོ་ཀླུ་སྒྲུབ། དཔལ་ལྡན་ཟླ་བ་གྲགས་པ་སོགས་ཀྱི་སྐུ་སྐྱེར་གྱུར་པ་ཤ་སྟག་ཏུ་སྣང་བས། བླ་མ་ཐམས་ཅད་དེ་དང་དེའི་སྤྲུལ་པར་ཁས་འཆེས་ན་བོད་ཀྱི་བླ་མ་ཐམས་ཅད་ཐུགས་རྒྱུད་གཅིག་པ་ཤ་སྟག་ཏུ་སྨྲ་དགོས་ལ། ཡང་ན་དེ་དག་སྒྲོ་བཏགས་ཡིན་ཞེས་སྨྲ་བ་ལས་འོས་མ་མཆིས་སོ་ཞེ་ན། འདི་ལ་ལན་འདི་ལྟར་གདབ་པར་བྱ་སྟེ། རྣལ་འབྱོར་པའི་ཉམས་ལ་ཅི་ཡང་འཆར་བས་དེའི་ཚུལ་དང་བསྟུན་ནས་བྲིས་པར་སེམས་ཏེ། རྣལ་འབྱོར་པ་རང་ཉིད་ལ་རང་ཉིད་རི་དང་ལྗོན་ཤིང་སོགས་སུ་སྣང་བ་དང་། སྔོན་གྱི་བླ་མ་དེ་དང་དེར་དྲན་པ་ནི་མང་དུ་འབྱུང་བས་རྣལ་འབྱོར་པའི་ཉམས་སྣང་དང་མཐུན་པར་བྲིས་པ་ཡིན་གྱི་གཞི་གཏན་ནས་མེད་པའི་རྫུན་གཏམ་ཡང་མ་ཡིན་ནོ། །དཔའ་བོ་གཙུག་ལག་ཕྲེང་རང་རྣམ་རང་གི་རྟོགས་པ་བརྗོད་པ་འཁྲུལ་བའི་བཞིན་རས་འཆར་བའི་མེ་ལོང་ལས། སྔོན་ཚེ་རྣལ་འབྱོར་དབང་ཕྱུག་དཔའ་བོ་ཡིས། །སྔོན་གནས་དུ་མ་དྲན་པར་ཞལ་འཆེས་ཤིང་། །ཡིད་རྟོན་གཏན་ཚིགས་བཅས་པ་འགའ་སྣང་མོད། །ཨ་འཐས་འཛིན་རྟོག་རགས་པ་ཞི་གྱུར་ནས། །ཏིང་འཛིན་ཤེས་པ་ལས་རུང་གྱུར་པ་དང་། །རྡོ་རྗེ་ཐེག་པའི་མྱོང་བ་འདྲེས་པའི་ཚེ། །བླ་མ་ཡི་དམ་རྒྱལ་དང་རྒྱལ་སྲས་དང་། །དུས་གསུམ་རིགས་དྲུག་ལ་སོགས་རྣམ་མང་པོ། །དབྱེར་མེད་བདག་ཉིད་ཡིན་པར་མཐོང་བ་དང་། །བདག་ཉིད་དེ་དག་ཡིན་པར་མཐོང་བའང་འཆར། །རང་ཉིད་རི་དང་ལྗོན་ཤིང་དུ་མཐོང་དང་། །རི་ལྗོན་བདག་ཉིད་ཡིན་པར་མཐོང་བའང་ཡོད། །མཆོག་གི་དངོས་གྲུབ་མཐར་ཕྱིན་མི་ལ་ཡིས། །རྣལ་འབྱོར་ཉམས་ལ་ཅི་ཡང་འཆར་ཞེས་གསུངས། །དེ་ཚེ་དེ་དེའི་སྐྱེ་བར་ཁས་ལེན་པའི། །རྣལ་འབྱོར་པ་འདི་ཤིན་ཏུ་མང་ན་ཡང་། །གཅིག་ཏུ་ཡིད་བརྟན་རུང་བར་མ་མཐོང་ངོ་། །སློབ་མས་བླ་མའི་རྣལ་འབྱོར་རབ་གོམས་ཤིང་། །ཅུང་ཟད་སྤང་རྟོགས་མཐོ་བར་གྱུར་པ་ན། །བླ་མ་དེ་ཡི་བྱིན་གྱིས་བརླབས་པའི་ཕྱིར། །དེ་ཡི་སྤྲུལ་པའམ་སྐྱེ་བར་གྲགས་པ་ཡོད། །ཞེས་སོགས་དབྱེ་ཞིབ་གསལ་བར་ཕྱེད་ནས་གསུངས་འདུག་གོ། ༸རྒྱལ་དབང་བསྟན་འཛིན་རྒྱ་མཚོས། བླ་མ་སྐྱེས་ཆེན་དམ་པ་ཐམས་ཅད་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཤ་སྟག་ཡིན་ཟེར་ན་སྐབས་རེར་སེམས་ཤུགས་ཆག་གྲབས་བྱེད་ཀྱི་འདུག་ཅེས་གསུངས་པའང་ཐུགས་མད་པར་སྣང་སྟེ། ང་ཚོ་སོ་སྐྱེ་ཐ་མལ་པ་རྣམས་སྐྱེས་བུ་དམ་པར་འགྱུར་དུ་མེད་པ་ལྟ་བུས་སེམས་ཤུགས་ཆག་པའི་རྒྱུ་རུའང་སྣང་ཞིང་། དེ་བས་རྗེ་བཙུན་མི་ལ་ལྟ་བུ་མི་ཐ་མལ་པ་ཞིག་ཚེ་འདི་ཉིད་ལ་དཀའ་སྤྱད་སྙིང་རུས་ཀྱིས་ལམ་ནས་སངས་རྒྱས་སུ་གྱུར་པ་ཡིན་ཞེས་སྨྲས་ན་སྤྲོ་བ་འཕེལ་བའི་རྒྱུ་རུ་འགྱུར་རོ། །འཁྲུངས་རབས་དང་སྐུ་ཕྲེང་གི་ཁྱད་པར་ནི། བླ་མ་དེ་དང་དེའི་འཁྲུངས་རབས་ཀྱི་གྲལ་དུ་སངས་རྒྱས་བྱང་སེམས་ཡང་མང་པོ་ཞིག་ཡོད་ལ། སྐུ་ཕྲེང་ནི་བླ་མ་དེ་ངོས་འཛིན་བྱས་པའི་འགོ་བརྩམས་པ་ནས་བཟུང་སྟེ་སྐུ་ཕྲེང་ཞེས་བརྩི་བ་རེད། དཔེར་ན་བླ་མ་མང་པོའི་འཁྲུངས་རབས་ནང་རྒྱལ་བ་ཤཱཀྱ་ཐུབ་པའང་ཡོད་ཅིང་། འོན་ཀྱང་དེའི་སྐུ་ཕྲེང་གི་གྲལ་དུ་མི་འཇོག་པ་ལྟ་བུའོ། །