785

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉིད་ཀྱི་འོད་གསལ
Tibetan Definition སད་དུས་ཀྱི་སྣང་བ་རྣམས་རིམ་གྱིས་བསྡུས་ཏེ་ཇེ་ཕྲ་ཇེ་ཕྲར་སོང་ནས་གཉིད་དུ་ནག་ཐོམ་གྱིས་སོང་ནས་དྲན་རྒྱུ་མེད་པའི་མི་རྟོག་པ་འཐུག་པོ་ཞིག་འབྱུང་ལ། དེ་ལྟ་བུའི་དྲན་མེད་ཀྱི་མི་རྟོག་པ་འཐུག་པོ་སངས་ནས་རྨི་ལམ་གྱི་སྣང་བ་མ་ཤར་བའི་བར་སྐབས་ཀྱི་སྤྲིན་མེད་པའི་ནམ་མཁའ་ལྟར་སྣང་བའི་སྣང་བ་དེ་ཉིད་ལ་གཉིད་ཀྱི་འོད་གསལ་ཟེར་ཏེ། རྗེའི་སྔགས་རིན་ཆེན་མོ་༥༠༣ན་ལས། ད་གཟོད་འཆི་བའི་འོད་གསལ་ངོས་ཟིན་པའི་དོན་དུ་ད་ལྟ་འཆི་རིམ་དང་ཤིན་ཏུ་མཐུན་པའི་གཉིད་ཀྱི་འོད་གསལ་ལ་སྦྱོང་བ་ནི། ཐབས་ལ་མཁས་པ་ཡིན་པས་དེའི་ས་མཚམས་ཀྱི་གནད་ནི། སྣང་བ་རིམ་གྱིས་བསྡུས་ཏེ་ཇེ་ཕྲ་ཇེ་ཕྲར་སོང་ནས་གཉིད་དུ་ཐིམ་གྱིས་སོང་སྟེ་དྲན་རྒྱུ་མེད་པའི་མི་རྟོག་པ་འཐུག་པོ་ཞིག་འབྱུང་བ་ནི། ཉེར་ཐོབ་ཡིན་ལ་དེ་ལ་དཔགས་ནས་སྣང་མཆེད་གཉིས་ངོས་གཟུང་ངོ་། །དེ་ནས་དྲན་མེད་ཀྱི་མི་རྟོག་པ་འཐུག་པོ་སངས་ཤིང་རྨི་ལམ་གྱི་སྣང་བ་མ་ཤར་བའི་བར་སྐབས་སྤྲིན་མེད་པའི་ནམ་མཁའ་ལྟར་སྣང་བའི་དུས་དེ་གཉིད་ཀྱི་འོད་གསལ་དངོས་གཞི་ཡིན་ཏེ། ཞེས་སོགས་གསུངས་སོ། །ཡང་དེ་ཉིད་ལས། གཉིད་ཀྱི་འོད་གསལ་དངོས་གཞིའི་ས་ཚིགས་འདི་བཞིན་དུ་མ་ཤེས་ན་མི་ཕྱེད་པ་ཡིན་ཏེ། དྲན་མེད་དུ་སོང་བའི་མི་རྟོག་པ་འཐུག་པོ་བྱུང་བ་ལ་གཉིད་འཐུག་གི་འོད་གསལ་དུ་འདོད་པ་དང་རྨི་ལམ་གྱི་སྐབས་སུ་མི་རྟོག་པ་སྐྱོང་བའི་ཏིང་ངེ་འཛིན་ལ་གཉིད་ཀྱི་འོད་གསལ་དུ་འདོད་པ་མང་པོ་སྣང་བའི་ཕྱིར་རོ། །ཞེས་གསུངས་སོ། །རྗེའི་རིམ་ལྔ་གསལ་སྒྲོན་ལས། རླུང་གི་ཤུགས་ཀྱིས་རྨི་ལམ་མཐོང་བ་ཉེར་ཐོབ་དྲན་མེད་སངས་མ་ཐག་གཉིད་ཀྱི་འོད་གསལ་འཆར་ལ། དེ་གྲོལ་བ་ན་རྨི་ལམ་འཆར་བ་སྟེ། ཞེས་གསུངས་སོ། །རྗེའི་རིམ་ལྔ་གདན་རྫོགས་ལས། དེ་ལྟར་བཟུང་བས་སྨིག་རྒྱུ་ལ་སོགས་པའི་རྟགས་བཞི་འཆར་ལ། དེ་ནས་ནམ་མཁའ་གཡའ་དག་ལ་ཟླ་འོད་དང་ཉི་འོད་ཤར་བ་དང་མཚམས་ཀྱི་སྨག་གིས་ཁྱབ་པ་དང་འདྲ་བའི་སྟོང་པ་གསུམ་སྔོན་དུ་ཤར་བའི་མཐར། ནམ་མཁའ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་རང་མདོག་ཐོན་པའི་ཐོ་རངས་ཀྱི་དུས་དང་འདྲ་བའི་ནམ་མཁའ་གཡའ་ངག་ལྟ་བུའི་རྣམ་པ་འཆར་བ་ནི། གཉིད་ཀྱི་འོད་གསལ་དངོས་གཞིའོ། །ཞེས་གསུངས།