From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འགྱུར་བ་བསྟེན་པ
|
Tibetan Definition
|
(འདུལ་བ) འཁྲིག་པ་སྤྱོད་འདོད་ཀྱི་བསམ་པ་དྲག་ཏུ་སྐྱེས་ཤིང་སྙིང་འདར་བ་ལ་སོགས་པའི་ལུས་ཀྱི་རྣམ་འགྱུར་ཐོན་པ་ལ་ཟེར། ཞིབ་ཏུ་བཤད་ན། སྙིང་འདར་བ་ལ་སོགས་པའི་ལུས་ཀྱི་རྣམ་འགྱུར་ཤས་ཆེར་ཐོན་ཞིང་དེ་འདྲའི་ཚོར་བ་ཉམས་སུ་མྱོང་བ་ལ་ཟེར། སྒྲ་བཤད་ནི། འགྱུར་བ་ཞེས་པ་ནི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའི་ལུས་ཀྱི་རྣམ་པར་འགྱུར་བ་ཡིན་ལ། བསྟེན་ཅེས་པ་ནི་ཉམས་སུ་མྱོང་བའི་དོན་ནོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། འགྱུར་བ་མི་བསྟེན་ན་ཞེས་བྱ་བ་ནི་གཞན་ལ་རྩོལ་འདོད་པའི་འདུན་པ་ལ་སོགས་པ་མི་འབྱུང་བའོ། །ཞེས་གསུངས་སོ། །འདུལ་བ་ལུང་གཞི་༼ ཀ ༽༩༥ བ༢ལས། དེ་ལ་ཉམས་པའི་མ་ནིང་གང་ཡིན་པ་དེ་ནི་རབ་ཏུ་མ་བྱུང་ན་ནི་རབ་ཏུ་དབྱུང་བར་མི་བྱ་ལ། རབ་ཏུ་བྱུང་ན་ནི་གལ་ཏེ་འགྱུར་བ་མི་བསྟེན་ན་བཏང་སྙོམས་སུ་བྱའོ། །གལ་ཏེ་འགྱུར་བ་བསྟེན་ན་བསྙིལ་བར་བྱའོ། །ཞེས་གསུངས་སོ། །འགྱུར་བ་བསྟེན་མི་བསྟེན་ཞེས་པའི་འགྱུར་བ་ནི་ལུས་ཀྱི་རྣམ་འགྱུར་ལ་ཟེར་བ་ཡིན་ཏེ། རང་གི་རྣམ་བཤད་ལས། གླིང་གཞན་ནས་སྐྱེས་པ་དང་འགྱུར་བ་བསྟེན་པ་གཉིས་ནི་མ་ཆོག་པ་ཉིད་དོ་ཞེས་བྱ་བ་ནི་བྱང་གི་སྒྲ་མི་སྙན་ལ་སོགས་པའི་གླིང་གཞན་ནས་སྐྱེས་པ་དང། ལུས་སམ་ངག་གིས་བུད་མེད་ཀྱི་སྐབས་སམ་སྐྱེས་པའི་སྐབས་སུ་ “འཁྲིག་པ་དང་ལྡན་པའི་རྣམ་པར་འགྱུར་བ་གང་གིས་བསྟེན་པར” འགྱུར་བ་ནི་དཔེར་ན་བསྙོན་ཐབས་མཁན་ནམ་མ་ནིང་ལྟ་བུ་དེ་གཉིས་ནི་སྟོན་པའི་སྐབས་འདིར་རིག་པར་མ་ཆོག་པ་ཉིད་དོ། །ཞེས་གསུངས་སོ། །ཡང་། བུ་སྟོན་རིན་པོ་ཆེའི་ལས་བརྒྱ་རྩ་གཅིག་གི་རྣམ་པར་བཤད་པ་ཆོ་གའི་གསལ་བྱེད་༣༦བ༡ལས། ཉམས་པའི་མ་ནིང་ནི། ནད་དང་མཚོན་དང་སྨན་ལ་སོགས་པས་སྐྱེས་པའི་དབང་པོ་ཆད་ཅིང་ཉམས་པ་སྟེ། འདི་ཆད་མ་ཐག་མ་ནིང་དུ་འགྱུར་བ་མ་ཡིན་གྱི། ཆད་ནས་སྐྱེས་པའི་སྤོབས་པ་མི་འབྱུང་ཞིང་། མ་ནིང་གི་ཉེས་པ་སྐྱེས་པ་གཞན་གྱིས་བརྩལ་བ་ལ་སོགས་བསྟེན་ན་མ་ནིང་དུ་འགྱུར་བ་ཡིན་ནོ། །ཞེས་ཅུང་ཟད་མི་འདྲ་བར་གསུངས་སོ། །མདོ་རྩ་བ་ལས། མ་ནིང་ངོ་། །དེ་ནི་རྣམ་པ་ལྔའོ། །སྐྱེས་ནས་དང་། ཟླ་བ་ཕྱེད་པ་དང་། འཁྱུད་ནས་ལྡང་བ་དང་། ཕྲག་དོག་ཅན་དང་། ཉམས་པའོ། །འདི་ལས་ཐ་མ་ནི་ཉེས་པ་བསྟེན་ན་བསྙིལ་བའོ། །ཞེས་པའི་དོན་ནི། ཉམས་པ་མ་ནིང་ལ། འདོད་ཆགས་ཤས་ཆེར་སྐྱེས་ཤིང་སྙིང་འདར་བ་ལ་སོགས་པའི་ལུས་ཀྱི་རྣམ་འགྱུར་ཐོན་ནས། འཁྲིག་པའི་བྱ་བ་ལ་ཞུགས་པ་ན། འཁྲིག་སྤྱོད་བྱེད་པའི་ནུས་པ་མེད་པར་མཐོང་བ་ན། བསྙིལ་བར་བྱའོ་ཞེས་པའི་དོན་ཡིན་ནོ། །
|