From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འགྲེལ་པ
|
Tibetan Definition
|
(མིང་ཚིག) གཞུང་གི་ཚིག་དོན་གོ་དཀའ་བ་རྣམས་གསལ་དུའམ་སླ་རུ་གཏོང་བའི་དཔེ་ཆའི་མིང་། སྒྲ་བཤད་ནི། མདུད་པ་འགྲོལ་བ་ལྟར་གཞུང་གི་ཚིག་དོན་གོ་དཀའ་བ་རྣམས་སླ་རུ་གཏོང་བས་ན་དེ་སྐད་ཅེས་བྱའོ། །བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཀྱི་བསྒྱུར་ཆོས་རྣམས་སུ་འགྲེལ་བ་ལ་འགྲོལ་བར་བསྒྱུར་ཡོད་པར། སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་དུ་གསུངས་ཤིང་། དེ་ནི་ཤིན་ཏུ་ལེགས་ཏེ། འགྲེལ་བ་ནི་མདུད་པ་འགྲོལ་བ་ལྟར་སླ་རུ་གཏོང་བ་ཉིད་ལ་གོ་དགོས་པའི་ཕྱིར་རོ། །སྤྱིར་འགྲེལ་པ་ལ་དོན་གྱི་གནད་ཚང་བར་སྟོན་པའི་དོན་འགྲེལ་དང་། དཀའ་གནད་བྱེ་བྲག་ཏུ་བཤད་པའི་དཀའ་འགྲེལ། ཚིག་འབྲུ་ཞིབ་ཏུ་གཉེར་བའི་ཚིག་འགྲེལ། ཡིག་དོན་གྱི་ཐོབ་ཚོད་ཙམ་སྟོན་པའི་ངག་འགྲེལ། འཕྲོས་པ་ཡན་ལག་དང་བཅས་ཏེ་སྟོན་པའི་རྒྱ་ཆེར་འགྲེལ་དང་ལྔ་ཡོད་པར། རྗེ་གུང་ཐང་པའི་སྐབས་དང་པོའི་མཆན་འགྲེལ་ལས་གསུངས། བཅོམ་ལྡན་རིག་རལ་གྱི་མངོན་རྟོགས་རྒྱན་གྱི་འགྲེལ་པ་༢བ༣ལས། འགྲེལ་པ་ནི་རྒྱ་ཆེར་འགྲེལ་པ་དང་། དཀའ་འགྲེལ། བསྡུས་དོན་གྱི་འགྲེལ་པ་དང་། དོན་ཙམ་འཆད་པའི་རྣམ་འགྲེལ་དང་། སྒྲས་ཟིན་པ་ཙམ་འཆད་པའི་འགྲེལ་པ་ལྔ་ལས། ཞེས་འགྲེལ་པ་ལ་ལྔ་ཡོད་པར་གསུངས་སོ། །བོད་རྒྱ་ཚིག་མཛོད་ཆེན་མོར། འགྲེལ་པ་ནི་མིང་ཙམ་དང་། འགྲེལ་བ་ནི་བྱ་ཚིག་ཏུ་བྱས་ཤིང་། དེ་ཡོངས་གྲགས་སུ་གྱུར་ཡོད་མོད། དེ་གཉིས་ལ་ཁྱད་པར་ཡོད་མེད་ཞིབ་ཏུ་དཔྱད་པར་འོས་སོ། །
|