From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འགྲོ་བ་བཞི
|
Tibetan Definition
|
(འདུལ་བ) 1 འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དང་བཞིའོ། །འདུན་པ་སྟེ་འདོད་ཆགས་ཀྱིས་སངས་རྒྱས་ཀྱི་བཀའ་ལས་འདའ་བ། ཞེ་སྡང་སྟེ་འཁོན་འཛིན་གྱིས་སངས་རྒྱས་ཀྱི་བཀའ་ལས་འདའ་བ། གཏི་མུག་སྟེ་མི་ཤེས་པས་སངས་རྒྱས་ཀྱི་བཀའ་ལས་འདའ་བ། འཇིགས་པ་སྟེ་སྐྲག་པ་སྟོན་པས་སངས་རྒྱས་ཀྱི་བཀའ་ལས་འདའ་བ་དང་བཞིའོ། །སྒྲ་བཤད་ནི། འགྲོ་བ་ཞེས་པ་ནི་འདིར་འདའ་བའི་དོན་ཡིན་པས། བཅས་མཚམས་ལས་འདའ་བས་ན་འགྲོ་བ་ཞེས་བྱའོ། །ཆོས་ལས་འདའ་བ་ཞེས་པ་ནི་ཆོས་འདོར་བའི་དོན་ཡིན། འདོད་ཆགས་ཀྱི་དབང་གིས་ཆོས་འདོར་བ། ཞེ་སྡང་གི་དབང་གིས་ཆོས་འདོར་བ། འཇིགས་པའི་དབང་གིས་ཆོས་འདོར་བ། གཏི་མུག་གི་དབང་གིས་ཆོས་འདོར་བ་དང་བཞིའོ། །དབུ་མ་རིན་ཆེན་ཕྲེང་བ་ལས་ཀྱང་། འདུན་དང་ཞེ་སྡང་འཇིགས་པ་དང་། །རྨོངས་པས་གང་ཞིག་ཆོས་མི་འདའ། །འདི་ནི་དད་པ་ཅན་ཞེས་བྱ། །ངེས་པར་ལེགས་པའི་སྣོད་མཆོག་ཡིན། །ཞེས་གསུངས་པ་ལྟར་རོ། །རིན་ཆེན་ཕྲེང་བའི་རྒྱ་ཆེར་བཤད་པ་༼ གེ ༽༡༣༠ན༥ལས། གང་ཞིག་རྒྱུ་དེ་རྣམས་ཀྱིས་ཆོས་ལས་མི་འདའ་ཞིང་མི་འདོར་བ་དེ་ནི་དད་པ་ཅན་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་ཤིང་། སློབ་དཔོན་ཤཱཀྱ་འོད་ཀྱི་སོ་ཐར་གྱི་མདོའི་འགྲེལ་པར་ཡང་དེ་བཞིན་དུ་འབྱུང་ངོ་། །དེའི་ཐད་ཀྱི་རིན་ཆེན་དར་ཊཱིཀ་ལས་ཀྱང་། ཆོས་ཀྱི་སྣོད་དུ་རུང་བའི་དད་པ་ཅན་ཡང་གང་ཞིག་ཡིན་ལ་ཤེས་རབ་ཅན་ཡང་གང་ཞིག་ཡིན་ཞེ་ན། ཤ་ལ་ཆགས་པས་སྲོག་གཅོད་པ་སོགས་ལ་འཇུག་ཅིང་ཆོས་འདོར་བ་ནི་ཆགས་པ་དང༌། འདུན་པས་ཆོས་ལས་འདའ་བ་དང༌། ཀུན་ནས་མནར་སེམས་སོགས་ཀྱིས་སྲོག་གཅོད་པ་ལྟ་བུ་ནི་ཞེ་སྡང་གིས་ཆོས་ལས་འདའ་ན་དང༌། རྒྱལ་པོའི་ཆད་པ་ལ་སོགས་ཀྱི་འཇིགས་པས་ཆོས་ལས་འདའ་བ་དང༌། ཕ་མ་ལ་སོགས་ཀྱི་ཆེད་དུ་སྲོག་གཅོད་པ་སོགས་ཉེས་མེད་དུ་བཟུང་ནས་ཆོས་འདོར་བ་འདི་རྨོངས་པས་ཆོས་ལས་འདའ་བ་ཡིན་ལ། འགྲོ་བ་བཞིའི་སྒོ་ནས་ཆོས་ལས་འདའ་བ་ལས་ལྡོག་ནས་གདུལ་བྱ་གང་ཞིག་འདུན་པ་དང་ཞེ་སྡང་དང་འཇིགས་པ་དང་རྨོངས་པས་ཆོས་ལས་མི་འདའ་ཞིང་ལས་འབྲས་སོགས་ལ་ཡིད་ཆེས་པ་དེ་ནི་དད་པ་ཅན་ཞེས་བྱ་ལ། དེ་ཉིད་ཐར་པར་དཀྲི་རུང་བས་ངེས་པར་ལེགས་པའི་སྣོད་མཆོག་ཏུ་གྱུར་པ་ཡིན་ལ། ཞེས་གསུངས་སོ། །མཉམ་མེད་དྭགས་པོ་ལྷ་རྗེའི་དྭགས་པོ་ཐར་རྒྱན་༡༠ལས་ཀྱང་། དེ་ལ་འདུན་པས་ཆོས་ལས་མི་འདའ་བ་ནི། འདོད་ཆགས་ཀྱི་ཕྱོགས་ནས་ཆོས་མི་གཏོང་བ་སྟེ། དཔེར་ན་གཞན་ཞིག་ན་རེ། ཁྱོད་ལ་ཟས་ནོར་རམ། བུད་མེད་དམ། རྒྱལ་སྲིད་ལ་སོགས་པའི་བྱ་དགའ་ཆེན་པོ་སྟེར་གྱི་ཆོས་ཐོང་ཟེར་ཡང་མི་གཏོང་བའོ། །ཞེ་སྡང་གིས་ཆོས་ལས་མི་འདའ་བ་ནི། ཁོང་ཁྲོ་བའི་ཕྱོགས་ནས་ཆོས་མི་གཏོང་བ་སྟེ། དཔེར་ན་གཞན་ཞིག་གི་ཞེ་སྡང་གིས་བདག་ལ་སྔར་ཡང་གནོད་པ་བྱས་ལ། ད་རུང་ཡང་གནོད་པ་ཆེན་པོ་བྱེད་དུ་བྱུང་ཡང་ཆོས་མི་གཏོང་བའོ། །འཇིགས་པས་ཆོས་ལས་མི་འདའ་བ་ནི། བྲེད་པའི་ཕྱོགས་ནས་ཆོས་མི་གཏོང་བ་སྟེ། དཔེར་ན་འགའ་ཞིག་ན་རེ། ཁྱོད་ཆོས་མི་གཏོང་ན་དཔའ་བོ་སུམ་བརྒྱས་བཀྲལ་ནས། ཉིན་རེ་བཞིན་ཁྱོད་ཀྱི་ལུས་ལས་ཤ་སྲང་ལྔ་ལྔ་གཅོད་ཟེར་ཡང་ཆོས་མི་གཏོང་བའོ། །རྨོངས་པས་ཆོས་ལས་མི་འདའ་བ་ནི། མི་ཤེས་པའི་ཕྱོགས་ནས་ཆོས་མི་གཏོང་བ་སྟེ། དཔེར་ན་འགའ་ཞིག་ན་རེ། ལས་མི་བདེན། འབྲས་བུ་མི་བདེན། དཀོན་མཆོག་མི་བདེན། ཁྱོད་ཆོས་བྱས་ནས་ཅི་བྱེད། ཆོས་ཞོག་ཟེར་ཡང་ཆོས་མི་གཏོང་བའོ། །དེ་ལྟར་རྣམ་པ་བཞི་དང་ལྡན་པ་དེ་དད་པ་ཅན་ཡིན། ངེས་ལེགས་བསྒྲུབ་པའི་སྣོད་མཆོག་ཡིན་ནོ། །ཞེས་གསུངས་སོ། །ཡང་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་འདུལ་བ་དང་། བྱེས་པ་གྲྭ་ཚང་གི་«བྱ་སྡོམ»ནང་འགྲོ་བ་ཞེས་པ་བརྗོད་པའམ་སྨྲ་བའི་དོན་ལ་བཤད་པའང་ཡོད་དོ། ། 2 (འདུལ་བ) འདུལ་བ་ལས་འགྲོ་བ་བཞི་ཞེས་པ་ནི། འགྲོ་བ་བཞིའི་སྐུར་བ་འདེབས་པ་ལ་ཟེར། དཔེར་ན་དགེ་འདུན་རྣམས་ཞེ་སྡང་གིས་བཅས་མཚམས་ལས་མ་འདས་བཞིན་དུ་འདས་སོ་ཞེས་སྐུར་བ་འདེབས་པ་ལྟ་བུ། འགྲོ་བ་བཞིའི་སྐོར་འདི་ཁྱིམ་སུན་འབྱིན་པའི་ལྷག་མ་དང་། ཞི་གནས་གསོ་སྦྱོང་གི་སྐབས་སུ། སྤོང་བ་པའི་ཞལ་ཏ་བ་དེ་ལ་ཆོས་བཅུ་གཅིག་དང་ལྡན་པ་ཞིག་བསྐོ་དགོས་པར་བཤད་པའི་སྐབས་སུ་ཆོས་བཅུ་གཅིག་གི་ཡ་གྱལ་དུ་འགྲོ་བ་བཞི་དང་བྲལ་བ་ཞེས་འབྱུང་ངོ་། །འདིའི་འགྲེལ་བཤད་ཕལ་སྐད་ཀྱི་ལམ་ནས་བཤད་ན། དཔེར་ན་གྲྭ་པ་ཞིག་ཁྱིམ་པའི་གནས་སུ་སོང་སྟེ་ཁྱིམ་པ་མ་དད་པར་བྱེད་པའི་ལས་བྱེད་པ་ན། དགེ་སྐོས་འོངས་ཏེ་ཁྱོད་ཁྱིམ་པ་སུན་འབྱིན་གྱི་ལས་འདི་མཚམས་འཇོག་བྱོས་ལ་གནས་འདི་ནས་སོང་ཞིག་ཅེས་སྨྲས་པ་ན། ཁོ་ཁྲོས་ཏེ་དགེ་སྐོས་ལ་འདིར་ཡོད་ཀྱི་དགེ་འདུན་ཐམས་ཅད་སྒྲིག་ལམ་འཇིག་མཁན་ཤ་སྟག་ཡིན་པ་ལ། ཁྱོད་ཀྱིས་ཁོ་བོ་གཅིག་པུ་གནས་འདི་ལ་བསྐྲད་ལ་གཞན་རྣམས་མ་བསྐྲད་པ་ནི་དྲང་པོ་མ་བྱས་སོ་ཡར་ལན་བསློགས་པ་ན། དགེ་འདུན་གྱིས་བཞམས་བསྒོ་གསོལ་བཞིའི་ལས་ཀྱིས་བཟློགས་ཀྱང་ད་དུང་མི་གཏོང་ན། གྲྭ་པ་དེ་ལ་ཁྱིམ་སུན་འབྱིན་པའི་ལྷག་མ་འབྱུང་བ་ཡིན་ནོ། །དེས་ན་བཤད་པར་བྱ་བ་དངོས་ནི། དེ་ལྟར་གོང་དུ་བཤད་པའི་གྲྭ་པ་བསྟན་བཤིག་དེས་དེར་ཡོད་ཀྱི་དགེ་འདུན་ཀུན་སྤྱོད་ཚུལ་ལྡན་ཐམས་ཅད་ལ་ཁོ་རང་དང་འདྲ་བར་བསྟན་བཤིག་ཡིན་ནོ་ཞེས་སྐུར་བ་བཏབ་པ་ལས་ཁྱིམ་སུན་འབྱིན་པའི་ལྷག་མ་འདི་བཅས་སོ། །འདི་ནི་དཔེ་ཙམ་ཞིག་ཡིན་གྱི་ཁྱིམ་སུན་འབྱིན་པའི་སྐོར་ཞིབ་པར་གཟིགས་པར་འདོད་ན། སོ་སོར་ཐར་པའི་མདོ་དང་མཚོ་ཊཱིཀ་སོགས་ལ་བལྟ་བར་བྱའོ། །
|