794

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉིས་མེད་ཀྱི་རྒྱུད
Tibetan Definition ཐབས་ཤེས་གཉིས་སུ་མེད་པའི་རྒྱུད། 1 རྗེ་ཙོང་ཁ་པ་ཆེན་པོས་ནི། ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་ལ་གཉིས་མེད་ཀྱི་རྒྱུད་ཅེས་ཞལ་གྱིས་བཞེས་ཀྱང༌། ཕ་རྒྱུད་དང་མ་རྒྱུད་ལས་ཟུར་དུ་གཉིས་མེད་ཀྱི་རྒྱུད་ཅེས་ཞལ་གྱིས་མི་བཞེས་ཏེ། བླ་མེད་ཀྱི་རྒྱུད་ཐམས་ཅད་དོན་དུ་གཉིས་མེད་ཀྱི་རྒྱུད་ཡིན་པས། གཉིས་མེད་ཀྱི་རྒྱུད་ནི་ཕ་མའི་རྒྱུད་གཉིས་ཀྱི་དབྱེ་གཞི་ཡིན་གྱི་ཕྱེ་བའི་ཡ་གྱལ་མ་ཡིན་པར་གསུངས་ཏེ། རྗེའི་འགྲེལ་པ་བཞི་སྦྲགས་ལས། བླ་མེད་ཀྱི་རྒྱུད་ཐམས་ཅད་རང་གི་ངོ་བོའི་གནས་ཚུལ་ནི་གཉིས་སུ་མེད་པའི་རྒྱུད་ཉིད་དུ་གནས་སོ། །དེའི་ཕྱིར་ཐབས་ཤེས་དེ་གཉིས་ཀྱི་དབང་དུ་བྱས་ནས་ཐབས་ཤེས་ཕྱོགས་རེ་བའི་རྒྱུད་དུ་འཇོག་པ་མིན་པས། གཉིས་མེད་ཀྱི་རྒྱུད་ནི་ཕ་རྒྱུད་དང་མ་རྒྱུད་གཉིས་ཀྱི་དབྱེ་གཞིར་ཕྱེ་བའི་ཡ་གྱལ་དུ་མི་གཟུང་ངོ༌། །ཞེས་གསུངས་པ་ལྟར་རོ། །མཁས་གྲུབ་ཐམས་ཅད་མཁྱེན་པའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་༣བ༤ལས། ཕ་རྒྱུད་མ་རྒྱུད་གཉིས་ཀ་ལས་མཆོག་ཏུ་གྱུར་པའི་གཉིས་མེད་ཀྱི་རྒྱུད་ཅེས་བྱ་བ་ལོགས་པ་ཞིག་ཡོད་དོ་ཞེས། རྒྱ་གར་མཁས་པ་སུ་ལ་ཡང་མ་གྲགས་པའི་བོད་ཀྱི་སྒྲུབ་བྱེད་ལྟར་སྣང་རང་འབའ་ཞིག་གིས། རང་ཉིད་རྒྱུད་གང་ལ་ཞེན་ཆེ་བ་དེ་གཉིས་མེད་ཀྱི་རྒྱུད་ལེགས་པར་སྒྲུབ་པའི་སྙིང་པོ་མེད་པའི་བཤད་པ་ལ་མངོན་པར་ཞེན་པ་རྣམས་སྤངས་ཏེ། ཞེས་སོགས་གསུངས་སོ། །2 བུ་སྟོན་རིན་པོ་ཆེས་ནི། ཟུང་འཇུག་གཙོ་བོར་སྟོན་པ་གཉིས་མེད་ཀྱི་རྒྱུད་ཀྱི་དོན་དུ་བཞེད། གཉིས་མེད་ཀྱི་རྒྱུད་ལ། འཇམ་དཔལ་མཚན་བརྗོད་དང༌། དུས་འཁོར་གྱི་རྒྱུད་སོགས་མང་པོ་ཞིག་མཚན་གཞིར་མཛད་དོ། །བཀའ་འགྱུར་དཀར་ཆག་ལས། བླ་མེད་རྒྱུད་ལ། གོང་སྨོས་ལྟར་ཕ་མའི་རྒྱུད་གཉིས་ལས་གཉིས་མེད་ཟུར་དུ་བཀོལ་མི་དགོས་ནའང་འདི་སྐབས་བུ་སྟོན་བཞེད་པ་ལྟར། ཟུང་འཇུག་གཙོ་བོར་སྟོན་པ་གཉིས་མེད་ཀྱི་རྒྱུད་དང༌། ཤེས་རབ་གཙོ་བོར་སྟོན་པ་མའི་རྒྱུད་དང༌། ཐབས་གཙོ་བོར་སྟོན་པ་ཕའི་རྒྱུད་དེ་གསུམ་དུ་དབྱེ་བ་ལས། ཞེས་གསུངས་སོ། །