From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཆི་བ་འོད་གསལ
|
Tibetan Definition
|
འཆི་དུས་ཀྱི་འོད་གསལ། དེ་ལ་མའི་འོད་གསལ་ཡང་ཟེར། ཐ་མལ་པ་འཆི་བའི་ཚེ། ས་ཆུ་ལ་ཐིམ། ཆུ་མེ་ལ། མེ་རླུང་ལ། རླུང་རྣམ་ཤེས་ལ། རྣམ་ཤེས་སྣང་བ་ལ། སྣང་བ་མཆེད་པ་ལ། མཆེད་པ་ཉེར་ཐོབ་ལ། ཉེར་ཐོབ་འོད་གསལ་ལ་ཐིམ་ཞིང་། ཉེར་ཐོབ་ཀྱི་སྨད་དྲན་མེད་དེ་སངས་ནས། གཉིས་སྣང་རགས་པ་ཅུང་ཟད་ཀྱང་མེད་པར། སྟོན་གྱི་ནམ་མཁའ་གཡའ་དག་པ་ལ་ཟླ་ཉི་འོད་མུན་པ་སྟེ། སློད་བྱེད་ཀྱི་སྐྱོན་གསུམ་དང་བྲལ་བའི་ཐོ་རངས་ཀྱི་ནམ་མཁའི་རང་མདོག་ཇི་ལྟ་བ་བཞིན། སྟོང་སང་ཤིན་ཏུ་དྭངས་པའི་སྣང་བ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་བཞག་གི་སྣང་བ་འདྲ་བ་འཆར་བ་དེ་ལ་འཆི་བ་འོད་གསལ་ཟེར། ཞིབ་པར་འཆི་དུས་ཀྱི་འབྱུང་བ་ཐིམ་རིམ་དང་དེ་དག་གི་ཕྱི་ནང་གི་རྟགས་ཞེས་པའི་ཐད་དུ་གཟིགས། དེ་ལྟར་འཆར་བའི་རྐྱེན་ཡང་། ཐིག་ལེ་དཀར་དམར་མི་ཤིགས་པའི་ཐིག་ལེ་དཀར་དམར་ལ་ཐིམ། དབུ་མའི་ནང་གི་རླུང་ཐམས་ཅད་ཀྱང་ཤིན་ཏུ་ཕྲ་བའི་སྲོག་འཛིན་གྱི་རླུང་ལ་ཐིམ་པས། དང་པོ་ནས་ཡོད་པའི་ཤིན་ཏུ་ཕྲ་བའི་རླུང་སེམས་མངོན་དུ་གྱུར་པས་ན། དེ་འདྲ་བའི་སྣང་བ་ཤར་བ་ཡིན་གྱི་ཕྱི་རོལ་ནས་ནམ་མཁའི་སྟོང་སང་སྣང་བ་ལྟ་བུ་ནི་མ་ཡིན་ནོ། །འཆི་བ་འོད་གསལ་ལ། འོད་གསལ་མཚན་ཉིད་པ་ཡིན་མིན་གཉིས་ཡོད་པར་གསུངས་ཏེ། རྣལ་འབྱོར་པས་འོད་གསལ་མ་བུ་བསྲེས་ཏེ་ལྟ་ཐོག་ཏུ་འཇོག་པའི་འོད་གསལ་ནི་འོད་གསལ་མཚན་ཉིད་པ་དང་། དེ་ལྟར་མ་ཡིན་པར་ཐ་མལ་པ་ལ་རང་ཤུགས་ཀྱིས་ཤར་བའི་འཆི་བ་འོད་གསལ་ནི་གཉིས་སྣང་རགས་པ་འགགས་པ་ཙམ་ལ་འོད་གསལ་དུ་བཏགས་པ་ཙམ་ཡིན་གྱི་མཚན་ཉིད་པ་མ་ཡིན་ཏེ། དེ་ནི་སྟོང་པ་བཞིའི་སྐབས་སུ་སྔ་མ་སྔ་མ་ཡུལ་སྣང་དང་བཅས་པ་ལས་ཕྱི་མ་ཕྱི་མ་རྣམས་ཡུལ་སྣང་དང་བཅས་ཇེ་ཕྲ་ཇེ་ཕྲར་སོང་བའི་སྟོབས་ཀྱིས་ཡིད་ངོར་ཀུན་རྫོབ་ཀྱི་སྣང་བ་རགས་པ་ལོག་ནས་སྟོང་སང་ངེ་བ་ཞིག་ཤར་བ་ཡིན་གྱི་སྟོང་ཉིད་མཚན་ཉིད་པ་ཤར་བ་ནི་མིན་ཞེས་མཁས་པ་འགའ་གསུང་ངོ་། །
|